“གལ་སྲིད་ཁྱབ་བསྒྲགས་འདི་ལུ་མ་གནས་པར་རྐྱེན་ངན་རེ་འབྱུང་པ་ཅིན་ང་བཅས་ཀྱིས་ཉེན་ཁ་མི་འབག།”

“གལ་སྲིད་ཁྱབ་བསྒྲགས་འདི་ལུ་མ་གནས་པར་རྐྱེན་ངན་རེ་འབྱུང་པ་ཅིན་ང་བཅས་ཀྱིས་ཉེན་ཁ་མི་འབག།” འ་ནི་འདི་འབྲུག་རྒྱང་བསྒྲགས་དང་གསར་ཤོག་ཚུ་ནང་འཕྲལ་འཕྲལ་སྐབས་ར་མཐོང་ནི་ཡོད་པའི་ཁྱབ་བསྒྲགས་ཅིག་ཨིན། ཁྱབ་བསྒྲགས་འདི་མང་ཤོས་ར་རྐྱེན་ངན་གཅིག་བྱུང་པའི་ཤུལ་ལུ་ཐོན་ནི་ཡོད། ལོ་གཅིག་གི་ཧེ་མ་ལས་ཁྱབ་བསྒྲགས་འདི་གི་སྐོར་ལས་ང་ར་གིས་ང་ར་ལུ་དྲི་བ་ལེ་ཤ་ཅིག་བཀོད་བལྟ་ཡི། ཨིན་རུང་ད་རེས་ཚུན་ཚོད་ཀྱི་བར་ན་དྲི་བ་དེ་ཚུ་ལུ་ལན་ཅིག་རྩ་ལས་ར་ཐོབ་མ་ཚུགས། དྲི་བ་དེ་ཚུ་ཡང་གཤམ་གསལ་ལྟར་ཨིན།

༡༽ཁྱབ་བསྒྲགས་མ་འབད་བའི་ཧེ་མ་རྐྱེན་ངན་བྱུང་མི་དེ་གི་སྐོར་ལས་ཉེན་ཁ་ག་གིས་འབགཔ་ཨིན་ན།

༢༽ཉེན་ཁ་འབག་སྟེ་གིས་སྦེ་ག་ཅི་འབདཝ་ཨིན་ན།

༣༽དཔེར་ན་ན་ཧིང་གཞེས་ཧིང་ཅིག་ཁར་ཅང་བང་གྲོང་ལུ་ཨ་ལོ་ཅིག་ཆུ་དུང་གུ་ལས་འགྱོཝ་ད་རྦོབ་རིལ་ཏེ་ཆུ་གིས་ཕྱག་འབག་པའི་ཤུལ་ལས། ཉེན་ཁག་མི་འབག་ཟེར་བའི་ཁྱབ་བསྒྲགས་ཅིག་འབད་ཡི། དེ་འབདཝ་ད་ཨ་ལོ་དེ་ཁྱབ་བསྒྲགས་མ་འབད་བའི་ཧེ་མ་ཕྱག་འབག་འབགཔ་ཨིནམ་ལས་ག་གིས་ཉེན་ཁ་འབག་སྟེ་ག་ཅི་འབད་ཡི།

༣༽ཁྱབ་བསྒྲགས་འབད་བའི་ཤུལ་ལུ་རྐྱེན་ངན་བྱུང་པ་ཅིན་ག་ཅི་འབད་ནི།

༤༽རྐྱེན་ངན་བྱུངམ་ཅིག་ར་བརྡ་བརྒྱུད་ཚུ་གིས་དེ་གི་ཉེན་ཁ་ག་ལུ་ཕོགཔ་ཨིན་ན་ཟེར་བའི་དྲི་བ་གཅིག་ཤུལ་གཉིས་ཤུལ་བཀོད་ནི་འདུག ཉེན་ཁ་ག་གིས་འབག་དགོཔ་སྨོ།

༥༽ཉེན་ཁ་འབག་སྟེ་ག་ཅི་འབད་དགོཔ་སྨོ།

༦༽ཉེན་ཁ་འབག་མ་འབག་ལུ་ཁྱད་པར་ག་ཅི་ཡང་མེད་པ་ཅིན་དེ་བཟུམ་གྱི་ཁྱབ་བསྒྲགས་འབད་དེ་ཁུངས་ག་ཅི་འདུག

དྲི་བ་དེ་ཚུ་ལུ་ལན་མེད་པ་ཅིན་ཉེན་ཁ་མི་འབག་ཟེར་བའི་ཁྱབ་བསྒྲགས་འདི་གི་ཚབ་ལུ། དྲན་གསོའི་ཁྱབ་བསྒྲགས་འབད་བ་ཅིན་འོས་འབབ་ཆེ་ནི་བཟུམ་མིན་འདུག་ག་ཟེར་ང་རའི་བསམ་འཆར་སྦེ་ཞུཝ་ཨིན།

རྫོང་ཁ་ཟེར་བའི་ཐ་སྙད་ག་ཏེ་ལས་བརྒྱུད་དེ་འོང་འོངམ་ཨིན་ན།

རིག་གཞུང་སློབ་རིམ་༡༢ པའི་ལོ་ཕྱེད་ཆོས་རྒྱུགས་ཀྱི་དྲི་བ་ནང་ལུ་ “རྫོང་ཁ་ཟེར་བའི་ཐ་སྙད་འདི་ག་ཏེ་ལས་བརྒྱུད་དེ་འོང་འོངམ་ཨིན་ན?” ཟེར་མི་ཅིག་འདུག སློབ་ཕྲུག་ང་བཟུམ་ཅིག་འབད་བ་ཅིན་དྲི་བ་དེ་གི་ལན་རྐྱབ་ཡང་མི་ཤེས་ནི་མས། ཨིན་རུང་ད་རེས་ནང་པའི་ན་གཞོན་ཆ་ཁྱབ་གཅིག་བ་གཅིག་རིག་པ་གསལ་ནི་འདི་གིས། དྲི་བ་ག་ཅི་བཟུམ་ཡོད་རུང་ལན་ཤར་ཤར་རྐྱབ་ར་ཨིན་མས།

ང་གིས་སློབ་ཕྲུག་གཉིས་ཀྱི་ལན་ཤོག་ལྷག་བལྟ་ཡི། ཁོང་གཉིས་ཆ་ར་གིས་ལན་སོ་སོ་རེ་བྲིས་ནུག། དེ་ཡང་གཅིག་གིས་འབད་བ་ཅིན་རྫོང་ཁ་ཟེར་བའི་ཐ་སྙད་དེ་བོད་ལས་བརྒྱུད་དེ་འོང་འོངམ་ཨིན་ཟེར་ཨིན་མས། གཅིག་གིས་འབདན་ལྷོ་མོན་ལས་བརྒྱུད་དེ་འོང་འོངམ་ཨིན་ཟེར་བྲིས་ནུག། འ་ནི་ལན་གཉིས་ཆ་ར་ལྷག་བལྟ་རུང་ང་གིས་དྲི་བ་དེ་གི་དོན་དག་ཧ་གོ་མ་ཚུགས། ལན་ཤོག་ནང་ལུ་བལྟ་བ་ཅིན་ལན་གཉིས་ཆ་ར་གིས་སྐུགས་རེ་རེ་འདྲན་འདྲ་ཐོབ་ཆི་ནུག

དྲི་བ་དེ་གི་དོན་དག་ཧ་གོ་ནི་གི་དོན་ལུ་ང་གིས་དེ་སྦེ་དབྱེ་དཔྱད་འབད་བལྟ་ཡི། དེ་ཡང་རྫོང་ཁ་ཟེར་མི་འདི་ནི་ང་བཅས་རའི་རྒྱལ་ཡོངས་ཁ་སྐད་འདི་ཨིན་མས། རྫོང་ཁ་ཟེར་བའི་ཐ་སྙད་ཟེརཝ་ད་རྒྱལ་ཡོངས་སྐད་ཡིག་ལུ་རྫོང་ཁ་ཟེར་བའི་མིང་ཟེར་བའི་དོན་ཨིནམ་འོང་ནི་མས། ད་འ་ནེ་སྦེ་འབདཝ་ད་ལུ་དྲི་བ་དེ་གི་དོན་གོཝ་འཇམ་ཏོང་ཏོ་བཟོ་སྦེ་སླབ་པ་ཅིན། རྫོང་ཁ་ཟེར་བའི་མིང་འདི་ག་ཏེ་ལས་འོང་འོངམ་ཨིན་ན་ཟེར་ཨིནམ་འོང་ནི་མས།

རྫོང་ཁ་ཟེར་བའི་མིང་འདི་ག་ཏེ་ལས་འོང་ཡི་ག་ཡ? མིང་ཟེར་མི་འདི་ང་བཅས་ར་མི་གིས་དངོས་པོ་ལུ་ཕར་བཏགསཔ་མ་གཏོགས། མིང་ཁོ་ར་གིས་ས་གནས་གཅིག་ལས་གཅིག་ལུ་འོང་ནི་མེད། ས་གནས་གཅིག་ལས་གཅིག་ལུ་འོང་ནི་ར་མེད་པ་ཅིན་ད་རུང་ས་གནས་གཞན་གཅིག་ལས་བརྒྱུད་དེ་གིས་སྦེ་ག་དེ་སྦེ་འོང་ནི། ག་དེམ་ཅིག་སྦེ་འོང་ནི་ཡོད་པ་ཅིན་འོང་པའི་འབྲས་བུ་ལྷོད་ནི་ཡང་ཡོད་དགོ་ནི་མས། དེ་སྦེ་འབད་བ་ཅིན་རྫོང་ཁ་ཟེར་བའི་ཐ་སྙད་འདི་ག་ཏེ་ལྷོད་ཅི་ག་ཟེར་དྲི་བ་ཅིན་དེ་གི་ལན་ག་དེ་སྦེ་སླབ་ནི་སྨོ།

གལ་སྲིད་འོང་ནི་དང་ལྷོད་ནི་ཚུ་ཡོད་པ་ཅིན་འགྱོ་ནི་ཡང་ཡོད་དགོ་ནི་མས། དེ་ཡང་ཡོད་པ་ཅིན་ད་ལས་ཕར་རྫོང་ཁ་ཟེར་བའི་ཐ་སྙད་དེ་ག་ཏེ་འགྱོ་ནི་ན་དང་། ནམ་འགྱོ་ནི་ན་ཟེར་བའི་དྲི་བ་ཡང་འཐོན་སྲིད་ནི་ཨིནམ་ལས་སློབ་ཕྲུག་ཆ་ཁྱབ་ཀྱིས་ད་ལྟོ་ལས་ར་དྲི་བ་དེ་གི་ལན་འཚོལ་ཞིབ་འབད་དགོཔ་འདུག

ང་གིས་འབདན་རྫོང་ཁ་ཟེར་བའི་ཐ་སྙད་འདི་ག་ཏེ་ལས་ཡང་མ་འོང་། ག་ཏེ་ལས་ཡང་མ་བརྒྱུད། ག་ཏེ་ཡང་མ་ལྷོད། ད་ལས་ཕར་ག་ཏེ་ཡང་མི་འགྱོ་ཟེར་ཞུ་ནི་སྦེ་ཨིན།

ང་བཅས་འབྲུག་པའི་མི་གི་འབད་བཞག

ད་ཅི་ལྟོ་ཟ་ཚར་ཞིན་ན་ཕྱི་ཁར་ཚར་གཅིག་ཁམས་སངས་ལུ་སོང་བལྟ་བལྟཝ་ཨིན། ངེའི་ཁྱིམ་གྱི་སྒོ་ཁར་ལུ་ར་མི་དམངས་ཀྱི་སྣུམ་འཁོར་བཞག་ས་སྦོམ་ཅིག་ཡོད། ཁྱིམ་ནང་ལས་ཐོན་ཏེ་སྣུམ་འཁོར་བཞག་ས་ལུ་ལྷོདཔ་ད་སྣུམ་འཁོར་ཨཱལ་ཊོ་ཀར་ཅིག་བཀག་སྡོད་ནུག སྣུམ་འཁོར་བཀག་ཞིན་ན་དེད་གཡོགཔ་དེ་སྣུམ་འཁོར་ནང་ལས་ཐོན་ནི་འབད་བའི་བསྒང་ཨིན་མས།

དེམ་ཅིག་གི་བར་ན་བཞག་འཐུས་བསྡུ་ལེན་པ་གིས་སྣུམ་འཁོར་དེ་གི་སྦོ་ལོགས་ཁར་སོང་ཞིན་ན་གུས་ཞབས་ཀྱི་ཐོག་ལས་དེ་སྦེ་སླབ་དེས། “སཱར། སྣུམ་འཁོར་ཨ་ཙི་ཅིག་ཕར་འབད་བཞག་གནང་།”

“ག་ཅི་སྦེ།? ནཱ་ནོ་པར་ཀིང་ཨིན་ན།?” དེད་གཡོགཔ་གིས་གནམ་མེད་ས་མེད་འཇིགས་སྐྲག་སྟོན་ཐོག་ལས་སྦེ་སླབ་མས།

“མེན་ལགས། ནཱ་གི་སྣུམ་འཁོར་དང་ཕ་ཁ་ཐུག་གི་སྣུམ་འཁོར་གྱི་བར་ན་ས་ཁོངས་སྦོམ་འདུག་མནོ་སྟེ་ཨིན། དེ་སྦེ་བཞག་པ་ཅིན་སྣུམ་འཁོར་གསུམ་གྱི་ས་ཁོངས་སྣུམ་འཁོར་གཉིས་ཀྱིས་བཀང་ད་མས་སྦ་ལགས།”

“དེ་གི་སྐོར་ལས་སླབ་མི་ཁྱོད་ཨིན་ན། ཁྱེད་ར་སྣུམ་འཁོར་བཞག་འཐུས་བསྡུ་ལེན་འབད་མི་ཨིན་མས། སྣུམ་འཁོར་བཞག་མི་ལས་བཞག་འཐུས་འདི་ར་བསྡུ་ལེན་འབད་ནི་མམ།་་་་་་་་་་་་་”

ཡཱ་ཆ་རོགས་ཚུ། ང་བཅས་འབྲུག་པའི་མི་གི་འབད་བཞག་ག་དེ་སྦེ་འདུག རང་གིས་མནོ་མ་ཤེས་པའི་མཐའ་མར་རོགས་ཀྱིས་དྲན་གསོ་འབད་འོང་རུང་། དེ་ལུ་ངོས་ལེན་འབད་མི་བཏུབ་པས། ཁ་གིས་ཆོས་ལྡན་གྱི་རྒྱལ་ཁབ་དང་། ང་བཅས་ར་ནང་པའི་ཆོས་འབད་མི་ཨིན་ཟེརཝ་མས། ནང་པའི་ཆོས་འབད་མི་གི་འབད་བཞག་དེ་སྦེ་ཨིན་ན།

དེ་གིས་ག་ཏེ་དོ་ནི། ཁ་ཡར་འགྱངས་རུང་མར་བཙུམས་རུང་སྔར་སྲོལ་བཟང་པོ་ལྟ་སྔར་སྲོལ་བཟང་པོ་ཟེར་སླབ་ནི་ཡོད། སྔར་སྲོལ་བཟང་པོ་ཟེར་མི་འདི་གོ་དང་དཀྱི་ར་གྱོན་ནི་དང་། རང་ལས་གོངམ་ལུ་གུས་ཞབས་འབད་ནི་རྐྱངམ་ཅིག་ལུ་སླབ་ཨིན་ན། རང་དང་མཉམ་པ་དང་དེ་ལས་གཞན་ལུ་གུས་ཞབས་འབད་མ་དགོཔ་ཨིན་ན།

འ་ནེ་སྦེ་འབདཝ་ད་ང་གིས་འབདན་སྔར་སྲོལ་བཟང་པོ་ཟེརཝ་ད་འཆམ་དང་ཚེས་བཅུ། དུས་སྟོན་ལ་སོགས་པ་རྐྱངམ་ཅིག་ཉམས་སྲུང་འབད་ནི་མེན་པར་ཞིན་ན། འབྲུག་མི་རེ་རེ་བཞིན་གྱི་འབད་བཞག་བཅའ་བཞག་ཉམས་སྲུང་འབད་ནི་འདི་ག་ནི་ལས་གལ་ཆེ་ཤོས་བཟུམ་ཅིག་མཐོང་མས་ཟེར་ཞུ་ནི་ཨིན།

རང་གི་རང་བཞིན་བརྗོད་པའི་ཀ་རྩོམ།


ཀ་བ་བཟུམ་གྱི་དྲང་པོའི་སེམས་འབག་སྟེ། །
ཁ་ཐུག་ཕོག་མི་ལཱ་རང་འབདཝ་མ་གཏོགས། །
ག་ཅི་འབད་རུང་གཞན་ལུ་ངོ་སྟོན་ཏེ། །
ང་རང་འཇོན་དྲགས་ཨིནམ་བཟུམ་འབད་མ་མྱོང་། །

ཅ་ཅོ་ཧན་པའི་གཏམ་གྱི་མགུ་བསྐོར་ཡང་། །
ཆ་ཙམ་ཅིག་ར་ང་གིས་སླབ་མ་མྱོང་། །
ཇ་དང་ཆང་གིས་ནང་གསུག་སྤྲོད་ནི་ཡང་། །
ཉམས་ཆུང་ང་གིས་རྩ་ལས་འབད་འབདཝ་མེད། །

ཏ་མིང་དཔོན་ལུ་བཅམ་ཅ་འབད་མ་མྱོང་། །
ཐ་མལ་མི་ལུ་བརྙས་བཅོས་འབད་མ་མྱོང་། །
ད་ཚུན་དྲང་པོའི་ལཱ་ར་འབད་སྡོདཔ་ལས། །
ན་ཚོད་རྒསཔ་ད་བློ་འགྱོད་བསྐྱེད་དགོཔ་མེད། །

པ་ལོ་བཀྲེག་པའི་གྲལ་ལས་ཐོན་རུང་ཡང་། །
ཕ་ཆོས་རྒྱབ་ཁར་བསྐྱུར་ཏེ་བཞག་བཞགཔ་མེད། །
བ་གླང་བཟུམ་མའི་ཤེས་པ་རྨོངས་རུང་ཡང་། །
མ་རུང་པ་ཡི་བྱ་སྤྱོད་འབད་མ་མྱོང་། །

ཙ་ཀ་ཙི་ཀིའི་ལཱ་ལུ་མགུ་འཁོར་ཏེ། །
ཚགས་ཁར་ཚུད་པའི་སློབ་སྦྱོང་མ་འབདཝ་ལས། །
ཛ་ར་ཛོ་རོའི་ལཱ་འབད་ཤེསཔ་མ་གཏོགས། །
ཝ་ལེར་གསལ་བའི་ཡོན་ཏན་ང་ལུ་མེད། །

ཞར་དང་ཞོར་ཁར་ཨིང་ལིཤི་མ་ལྷབ་ལས། །
ཟང་ཟིང་རྒྱུ་ནོར་བསྒྲུབ་པའི་ཐབས་མི་ཤེས། །
འ་འུར་ངང་ལུ་མི་ཚེ་རྫོགས་འགྱོཝ་ད། །
ཡ་མེད་ང་རང་སེམས་པ་ཧིང་ལས་སྐྱོ། །

ཧ་ཅང་ཐུང་བའི་མི་ཚེ་འདི་ནང་ལུ། །
ཨའི་ལུ་ཞབས་འདྲེན་ཞུ་ཞུཝ་མེད་རུང་ཡང་། །
ཆོས་དང་འཇིག་རྟེ་མཐར་ཕྱིན་མ་ཚུགསཔ་ལས། །
ཨའི་གི་ཨོམ་རིན་མ་འབྱོར་ངོ་ཚ་བས། །

བརྩེ་དུང་གི་ནུས་པ་དང་ལྷའི་བྱིན་མཐུ།



དང་ཕུ་དིང་ཕུ་ར་སྤ་མེནམ་ཅིག་ཁར། ཧིན་དུའི་ཆོས་འབད་མི་བུ་ཅིག་དང་བུམོ་ཅིག གཅིག་གིས་གཅིག་ལུ་གནམ་མེད་ས་མེད་དགའཝ་མཐུནམ་ལོག་སོ་ནུག། ཁོང་གཉིས་གཅིག་ཁར་མེད་པར་ཡུདཔ་ཐེངས་གཅིག་ཡང་མི་ཆགས་དོ་ཡོདཔ་མས། དེ་མ་ཚད་གཅིག་གིས་གཅིག་གི་དོན་ལུ་རང་རང་སོ་སོའི་སྲོག་ཡང་བློས་བཏང་ཚུགསཔ་ཐལ་ཏེ་སྡོད་ནུག།
ཁོང་གཉིས་གཅིག་གིས་གཅིག་མེད་པར་ཡུདཔ་ཐེངས་གཅིག་ཡང་མ་ཆགས་ས་ཅིག་རུང་། ཐབས་ར་མེད་པར་སོ་སོར་སྡོད་དགོ་དོ་ཡོདཔ་ཨིན་མས། དེ་སྦེ་འབད་ནི་འདི་གིས་ཁོང་གཉིས་ཉིནམ་ཨ་རྟག་ར་ཁོང་རའི་ཕམ་སྤུན་ཆ་གིས་མ་ཤེསཔ་སྦེ། ཚལ་མ་ནང་མཱན་རྡིར་ཅིག་ཡོད་ས་ལུ་ཕྱད་དེ་དགའ་སྤྲོ་བསྒྱུར་སྡོད་དོ་ཡོདཔ་ཨིན་མས། མཱན་རྡིར་དེ་ཁོང་གཉིས་ཀྱི་དོན་ལུ་ལྷའི་ཞིང་ཁམས་ངོ་མ་ཅིག་ལུ་གྱུར་སོ་ནུག།
ཚར་གཅིག་འབདཝ་ད་ཁོང་གཉིས་ཀྱི་སྐོར་ལས་བུམོ་དེ་ལུ་ནུ་གཅུང་ཅིག་ཡོད་མི་དེ་གིས་ཧ་གོ་ཆི་ནུག། དེ་ལས་ཉིནམ་གཅིག་གི་ཚེ་བུམོ་གི་ནུ་གཅུང་དེ་གིས་ག་གིས་ཡང་མ་ཤེསཔ་སྦེ་ཁོ་རའི་ཨ་ཞེམོ་དང་ཨ་ཞེམོ་གི་ཧིང་གི་གཅེས་གཅེས་གཉིས་ཕྱད་ས་ལུ་སོང་སྦེ་སྡོད་ནུག།
གཅིག་གིས་གཅིག་ལུ་ཆགས་སེམས་དང་བརྩེ་དུང་སྲན་ར་མ་ཚུགསཔ་སྦེ་ཡོད་ནི་འདི་གིས། གཅིག་ཁར་ཕྱད་པའི་དུས་ཚོད་ནམ་འོང་ག་མནོ་སྟེ་སག་ལངས་ཏེ་སྡོད་དོ་ཡོདཔ་ལས། ནམ་ར་འབད་རུང་ཁོང་གཉིས་ཆ་ར་གིས་དུས་སྟབས་བཞག་ས་ལུ་དུས་ཚོད་མ་རན་པའི་གདོང་ལས་ར་ལྷོད་དོ་ཡོདཔ་ཨིན་མས། དེ་ཚེ་ཡང་བུཚ་དེ་གིས་དུས་སྟབས་ཀྱི་དུས་ཚོད་མ་རན་པའི་སྐར་མ་སུམ་ཅུ་དེ་ཅིག་གི་གདོང་ལས་ལྷོད་ནུག།
ཁོ་གློཝ་ནང་ཁྲོལ་ག་ར་ཁར་བརྫངས་རུང་ངལ་མ་འཚོ་བར་རྩ་འགེངས་འོངས་ཏེ། དགོན་པར་ལྷོདཔ་ད་འབད་ཚེ། དགོན་པའི་ནང་གི་མ་ཧཱ་ཀཱ་ལི་གི་སྐུ་མདུན་ལུ་ཨ་རྟག་བསྒུག་སར་བསྒུགས་མི་དེ། ཨ་རྟག་བསྒུག་མི་མི་དེ་མེན་པར་མི་སོ་སོ་ཅིག་མཐོང་ནུག། མིག་ཏོ་འཁྲུལཝ་ཨིན་ན་མནོ་སྟེ་མིག་ཏོ་ཕྱག་སྟེ་བལྟ་རུང་ཡང་སོ་སོ་ཅིག་ར་མཐོང་ནུག། ཨིན་རུང་བདེན་རྫུན་མ་རེ་བར་སྦོ་ལོགས་ཁར་ར་འོངས་ཏེ་ལེགས་ཤོམ་སྦེ་ར་བལྟ་རུང་། ཁོ་གི་དོན་ཧིང་གིས་འདི་ག་ཏེ་ངོ་ཤེས་སྦ། མིག་ཏོ་གིས་ཡང་ངོ་མ་ཤེས་པས།
དེམ་ཅིག་གི་བར་ན་མི་དེ་གིས་མ་ཧཱ་ཀཱ་ལིའི་ཕྱག་ལས་དཔའ་རྟགས་ཅིག་བཏོནམ་ཅིག་ཁོ་བསྒྱིམ་བླུགས་ཐོནམ་ལས། ཁོ་གིས་ཡང་མ་ཧཱ་ཀཱ་ལིའི་ཕྱག་མཚན་ཁ་ཊྭཾ་བཏོན་ཞིན་ན་ཁོ་བསྒྱིམ་ལོག་བླུགས་ཏེ། ཁོང་གཉིས་ཀྱི་བར་ན་ཕྱད་མདའ་ལངས་སོ་ནུག། དུས་ཡུན་ཐུང་ཀུ་གཅིག་ནང་ཁོང་གཉིས་ཆ་ར་གིས་གཅིག་གིས་གཅིག་གི་ལྟག་ཀོ་བཏོགས་བཀོ་ད་ནུག།
དེམ་ཅིག་གི་བར་ན་བུམོ་དེ་ཡང་ལྷོད་ནུག། བུམོ་དེ་ལྷ་ཁང་ནང་ལྷོད་བལྟཝ་ད་འབད་ཚེ་ལས་ནི། མོ་རའི་ཤ་ཁྲག་གཅིག་ལས་མཆེད་པའི་ནུ་གཅུང་དང་། བརྩེ་སེམས་ལྷག་པར་འབྲེལ་བའི་བརྩེ་རོགས་གཉིས་ཀྱིས། ཁོང་རའི་གཟུགས་ཁ་ལས་ཐོན་པའི་ཁྲག་གི་རྒྱ་མཚོའི་ཡོན་ཆབ་བཀང་སྟེ་མ་ཧཱ་ཀཱ་ལིའི་སྐུ་མདུན་ལུ་དམར་མཆོད་ཕུལ་སྡོད་ཡོདཔ་མཐོང་ནུག། འཇིག་རྟེན་འདི་ནང་ལུ་འགྲན་པའི་ཟླ་དང་བྲལ་བའི་སྐྱབས་མཆོག་མ་ཧཱ་ཀཱ་ལི་ཡང་། ཁོང་གཉིས་ཀྱི་བྱ་སྤྱོད་ལུ་བལྟ་སྟེ་ཧ་ལས་ཆིཝ་བཟུམ་སྦེ། ལྗགས་མཐོ་གང་ཕྱི་ཁར་བསྣར་ཏེ་བཞུགས་ཡོདཔ་ཨིན་མས།
དེ་འཕྲལ་ལས་བུམོ་དེ་གིས་མ་ཧཱ་ཀཱ་ལིའི་ཞབས་ལུ་ཕྱག་འཚལ་ཏེ། ངེའི་ནུ་གཅུང་དང་ཧིང་གི་གཅེས་གཅེས་གཉིས་ད་ལྟོ་རང་ལོག་ལྷོངས་གནང་དགོ་ཟེར་བའི་ཚིག་བཙུགས་སྦེ། གསོལ་འདེབས་ཀྱི་མགུར་དབྱངས་ཕུལཝ་མ་ཚད། ག་དེམ་ཅིག་སྦེ་ཁོང་གཉིས་ལོག་ལྷོངས་ནི་མེད་པ་ཅིན་མོ་གི་གཟུགས་ཡང་མ་ཧཱ་ཀཱ་ལི་ཁྱོད་ལུ་མཆོདཔ་སྦེ་ཕུལ་ནི་ཨིན་སླབ་སྟེ། མགུ་ཏོག་ཞབས་གུ་བརྡུངས་ནུག། མ་ཧཱ་ཀཱ་ལི་ཡང་དུས་ཡུན་ཐུང་ཀུ་གཅིག་ནང་ར་ཁོ་རའི་སྐུ་མདུན་ལུ་ཞེ་སྡང་མེ་ལྟར་འབར་བའི་གནས་སྟངས་དང་། འདོད་ཆགས་ཆུ་ལྟར་འཁྲུགས་པའི་གནས་སྟངས་གཉིས་བྱུང་མི་ལུ་གཟིགས་ཏེ། འཇིག་རྟེན་འཁོར་བའི་རང་བཞིན་འདི་གོད་བྲོ་སི་སི་ཅིག་ཨིན་མས་ཟེར་བའི་ཐུགས་བཞེད་གནང་རུང་། བུམོ་དེ་ལུ་བརྩེ་དུང་གི་ན་ཟུག་ཕོག་མི་ལུ་སྡིག་ཆེ་སྟེ། བྱམས་པའི་ཏིང་ངེ་འཛིན་ལུ་མཉམ་པར་བཞག་ཞིན་ན། ཁོང་ཤི་མི་གཉིས་ཀྱི་ལྟག་ཀོ་དང་གཟུགས་ལོག་མཐུད་གནང་ནུག།
དེ་འབདཝ་ད་ལས་ཀྱི་རྣམ་པར་སྨིན་པ་འདི་ལྷ་གིས་ཡང་བཅོ་མི་ཚུགས་དོ་འོང་ནི་མས། ཁོང་ཨ་རོགས་དགའ་རོགས་གཉིས་ཀྱི་བར་ན་ཚེ་སྔ་མའི་ལས་འཕྲོ་རྫོགས་སོ་ཡི་ཟེར་སླབ་ནི་བཟུམ་སྦེ། ཤི་མི་གཉིས་ཀྱི་ལྟག་ཀོ་དང་གཟུགས་ལྷ་གིས་ལོག་མཐུད་གནང་སྟེ་འབད་ས་ཅིག་རུང་། ལྟག་ཀོ་དང་གཟུགས་གཉིས་སོ་སོ་སྦེ་མཐུད་བཞག་ཡོདཔ་ཨིན་མས། ཚེ་སྔ་མའི་ལས་འཕྲོ་རྫོགས་སོངཔ་ཨིན་ཟེར་བ་ཅིན། ཁོང་གཉིས་གཅིག་གིས་གཅིག་ལུ་དགའ་བའི་བརྩེ་དུང་ལུ་འགྱུར་བ་ག་ནི་ཡང་མ་སོངཔ་མ་ཚད། གཅིག་ཁར་སྡོད་ནི་ལུ་བཀག་ཆ་འབད་མི་ཡང་ག་ཡང་མེདཔ་ཨིན་མས། དེ་འབདཝ་ད། མོ་གི་ཨ་རོགས་དགའ་རོགས་ཀྱི་གདོང་དང་གཅིག་ཁར་ནུ་གཅུང་གི་གཟུགས་ཡོདཔ་ད། ཨ་རོགས་དགའ་རོགས་ཀྱི་གཟུགས་དང་གཅིག་ཁར་ནུ་གཅིག་གདོང་ཡོདཔ་ལས་བརྟེན་ཏེ། དཀའ་ངལ་སྦོམ་ཅིག་ཕྲད་དེ་ཡོདཔ་ཨིན་མས། དེ་བཟུམ་གྱི་གནས་སྟངས་དེ་ཁྱེད་ལྟོ་ཚང་ཆ་ཁྱབ་ལུ་བྱུང་པ་ཅིན། ཁྱེད་ཆ་ཁྱབ་ཀྱིས་འབདན་ག་དེ་སྦེ་འབད་ནི་སྨོ།

རྫོང་ཁའི་བརྡ་གཞུང་འཛོལ་སོ་ནུག།


མི་ང་བཟུམ་གྱིས་རྫོང་ཁའི་བརྡ་གཞུང་འཛོལ་སོ་ནུག་སླབ་ད་ལུ། མཁས་པའི་དབང་པོ་ཆ་ཁྱབ་ཀྱི་ཐུགས་ཁར་ཕོག་འོང་ག་ཡང་མི་ཤེས། ཨིན་རུང་བླུན་པོ་གིས་འཛོལ་བ་ཅིན་མཐོ་གང་དང་། མཁས་པ་གིས་འཛོལ་བ་ཅིན་འདོམ་གང་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ། མཁས་པ་ཆ་ཁྱབ་ཀྱི་ཐུགས་ཁར་ཕོག་ནི་མས་མནོ་སྟེ་མ་སླབ་པར་བཞག་པ་ཅིན། ནམ་ཅིག་གི་ཚེ་ལམ་འཛོལ་བ་ཉིན་མའི་ཧ་ཕྱི་དང་། བྱུས་འཛོལ་བ་བསྐལ་པའི་མགོ་མཇུག་ཟེར་སླབ་དོ་བཟུམ་ཅིག་འོང་ནི་ཨིན་མས།
ད་ལོ་རྒྱུས་མ་མང་པར་ག་ཅི་འཛོལ་སོངཔ་ཨིན་ན་ཕྲང་སྟེ་སླབ་པ་ཅིན། རྫོང་ཁའི་བརྡ་གཞུང་ནང་ལུ་ལ་དོན་གྱི་ཕྲད་༼གུ་༽ ཟེར་མི་ཅིག་བཙུགས་ནུག། ང་གིས་འབདན་༼གུ༽ འདི་ལ་དོན་གྱི་ཕྲད་མེན་ཟེར་སླབ་ནི་ཨིན། ག་ཅི་སྦེ་ཟེར་བ་ཅིན། ལ་དོན་གྱི་ཕྲད་ཨིན་པ་ཅིན། ལ་དོན་གྱི་འཇུག་ཡུལ་ལྔ་གང་རུང་ལུ་མ་གཏོགས། དེ་ལས་གཞན་ལུ་འཇུག་ནི་མི་འོང་། སུམ་ཅུ་པའི་ནང་འབད་བ་ཅིན་༼ན་ལ་༽ གཉིས་ལུ་དམིགས་བསལ་གྱི་འཇུག་པ་ཐེབས་ཡོད་རུང་། རྫོང་ཁའི་ནང་ལུ་དེ་བཟུམ་གྱི་འཇུག་པ་མ་མཐོང་།
འ་ནེ་སྦེ་འབདཝ་ད་ཚིག་ཕྲད་འདི་གིས་ལ་དོན་གྱི་འཇུག་པ་ལྔ་པོ་གང་རུང་མེན་པའི་འཇུག་པ་གཞན་ལུ་ཡང་འཇུགཔ་ལས། ལ་དོན་གྱི་ཕྲད་མེན་པས་ཟེར་སླབ་ཨིན། འཇུག་ཡུལ་གཞན་ག་ཅི་ལུ་འཇུགཔ་ཨིན་ན་མནོ་བ་ཅིན། དཔེར་ན་༼རྟ་གུ་ལས་བུད་སོ་ཡི་༽ ཟེར་དོ་བཟུམ་འབད་བ་ཅིན་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཆ་འདྲ་ལུ་འཇུགཔ་མས། ༼ཁྱིམ་ཏོག་གུ་ལས་ར་ཏོ་ཚུན་ཚོད་༽ ཟེར་བ་ཅིན་དགར་སྡུད་ལས་ཡུལ་གྱི་མཚམས་འཛིན་པའི་སྡུད་པ་ལུ་འཇུགཔ་ཨིན་མས། དེ་དང་དེ་བཟུམ་གྱི་འཇུག་པ་གཞན་ཡང་འོང་ནི་བཟུམ་འདུག ད་ལྟོ་ང་གིས་ཞིབ་འཇུག་འབད་དེ་གིས་སྦེ་མེན་པ་ཞིན་ན། སེམས་ཁར་མནོཝ་ཅིག་དེ་འཕྲལ་ལས་ཡིག་ཐོག་ལུ་ཕབ་ཕབ་འབད་ནི་དེ་གིས། དཔེར་བརྗོད་དེམ་ཅིག་ལས་བརྒལ་དྲན་མ་ཚུགས།
ཚིག་ཕྲད་༼གུ་༽ འདི་ལ་དོན་གྱི་ཕྲད་མེན་པ་ཅིན་༼རྟ་གུ་བཞོན། ཁྲི་གུ་བཞུགས། ཤིང་གུ་འཛེགས།༽ ཟེར་དོ་བཟུམ་རྣམ་དབྱེ་གཉིས་པ་ལུ་འཇུག་ནི་འདུག། འདི་ག་དེ་སྦེ་ཨིན་ན་ཟེར་མནོ་དོ་འོང་། དེ་ཚུ་རྣམ་དབྱེ་གཉིས་པ་ལུ་འགྱོ་དགོ་པ་ཅིན་རྟ་གུ། ཁྲི་གུ། ཤིང་གུ། ཟེར་བའི་གུ་གི་མཐའ་མར་རྗེས་འཇུག་༼ར་༽ འབྲི་སྦེ། རྟ་གུར། ཁྲི་གུར། ཤིང་གུར། ཟེར་འབྲི་དགོ། འ་ནི་གུ་གི་མཐའ་མར་ཡོད་པའི་༼ར་༽ འདི་རྗེས་འཇུག་མེན་པ་ཞིན་ན་ལ་དོན་གྱི་ཕྲད་༼སུ་ར་རུ་དུ་ན་ལ་ཏུ་༽ ཟེར་བདུན་ཡོད་པའི་ནང་ལས་༼ར་༽ ཨིན།  དེ་སྦེ་འབྲི་བ་ཅིན་རྐྱངམ་ཅིག་ལ་རྣམ་དབྱེ་གཉིས་པ་ལུ་འགྱོ་ནི་མ་གཏོགས། དེ་མེན་པ་ཅིན་རྣམ་དབྱེ་གཉིས་པའི་གྲངས་སུ་མི་ཚུད།
ག་དེམ་ཅིག་སྦེ་རྟ་གུ་བཞོན་ཟེརཝ་ད་ར་རྟ་གི་ཐོག་ཁར་བཞོན་ནི་ཨིནམ་ཧ་གོཝ་ལས། གུ་འདི་ལ་དོན་གྱི་ཕྲད་སྦེ་བཞག་པ་ལུ་མ་བཏུབ་མེད་པའི་ཁར། ལཱ་ཁག་སྦེ་༼ར་༽ སྦྱར་དགོཔ་ཅིག་མིན་འདུག་མནོ་བ་ཅིན། དེ་སྦེ་འབདན་༼ཐོག་ཁ་འགྱོ་ནི་༽ ཟེརཝ་ད་ལུ་ཡང་། ཁྱིམ་གྱི་ཐོག་ཁ་ལུ་འགྱོ་ནི་ཨིནམ་ཧ་གོ་ཚུགསཔ་ལས། ༼ཁ་༽གི་མཐའ་མར་༼ར་༽ སྦྱར་དགོཔ་མེད་པའི་ཁར། ༼ཁ་༽ ཡང་ལ་དོན་གྱི་ཕྲད་ཀྱི་གྲངས་སུ་བཙུགས་དགོཔ་འཐོན་འོང་། ༼གུ་༽ དང་༼ཁ་༽ གཉིས་ལ་དོན་གྱི་ཕྲད་ཀྱི་གྲངས་སུ་བཙུགས་ད་པ་ཅིན་དེ་ལས་ལ་དོན་གྱི་འཇུག་ཡུལ་ལྔ་མེནམ་འགྱོ་ནི་དང་། དེ་ལས་རྫོང་ཁའི་བརྡ་གཞུང་གི་གཞི་བཅོལ་ས་སུམ་ཅུ་པའི་དགོངས་པ་དང་འགལ་བ་འགྱོ་འོང་། དེ་དང་དེ་བཟུམ་གྱི་དཀའ་ངལ་གཞན་ཡང་ལེ་ཤ་ཅིག་འཐོན་ནི་མས།
དེ་སྦེ་འབད་ནི་འདི་གིས་༼གུ་༽ འདི་ལ་དོན་གྱི་ཕྲད་ཀྱི་གྲལ་ཁ་ལས་བཏོན་བཏང་ཞིན་ན། ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་འཇམ་ཏོང་ཏོང་སྦེ་ལྷབ་ཚུགསཔ་བཟོ་བ་ཅིན་མི་དྲག་ག?