རྩོད་བསྡུར།

རྩོད་བསྡུར་ཟེར་བའི་དོན་དག་འདི་ རྫོང་ཁའི་ཚིག་མཛོད་ནང་བལྟ་བ་ཅིན་ རྩོད་འགྲན་ག་བསྡུར་འབད་ནི་ཟེར་ཐོན་མས། རྫོང་ཨིན་ཤན་སྦྱར་ཚིག་མཛོད་ནང་བལྟ་བ་ཅིན་ (debate) ཟེར་བཀོད་ནུག།

ཨིང་ལིཤ་ཚིག་མཛོད་བལྟཝ་ད་(debate) ཟེར་བའི་དོན་དག་བཞི་ལྔ་དེ་ཅིག་ཡོད་པའི་གྲལ་ལས་གཅིག་དེ་སྦེ་འདུག། (a formal contest in which the affirmative and negative sides of a proposition are advocated by opposing speakers.)

ཆོས་སྐད་ཀྱི་ཚིག་མཛོད་ནང་ལུ་བལྟ་བ་ཅིན་ རྩོད་ཟེར་བའི་ཚིག་གི་འགྲེལ་བཤད་ནང་ ༼ལྟ་ཚུལ་དང་བཤད་ཚུལ་མི་འདྲ་བ་བྱུང་ནས་ རང་གི་ལྟ་ཚུལ་སོགས་ཡང་དག་པ་ཡིན་པའི་རྒྱུ་མཚན་བཤད་པའམ་ གཞན་གྱི་ལྟ་ཚུལ་ལ་དགག་པ་རྒྱག་པའི་དོན་༽ཟེར་བཀོད་ནུག།

འ་ནེ་སྦེ་འབདཝ་ད་ ད་རེས་ཀྱིས་སྲིད་ཚོགས་ཀྱི་གཙོ་འཛིན་གྱི་རྩོད་བསྡུར་དེ་ ཆོས་སྐད་དང་ཨིང་ལིཤ་གི་ཚིག་མཛོད་ནང་ཡོད་པའི་རྩོད་བསྡུར་མེན་པར་ཞིན་ན་ རྫོང་ཁའི་ཚིག་མཛོད་ནང་ཡོད་པའི་རྩོད་བསྡུར་ཨིན་མས།

ག་ཅི་སྦེ་ཟེར་བ་ཅིན་ ཨིང་ལིཤ་དང་ཆོས་སྐད་ཀྱི་ཚིག་མཛོད་ནང་འབད་བ་ཅིན་ བསམ་ཚུལ་དང་བཤད་ཚུལ་མ་མཐུནམ་ཐོན་ཏེ་ དེ་གི་ཐོག་ལུ་དགག་སྒྲུབ་འབད་དགོ་ནི་ཨིན་མས་སྦ།

དེ་འབདཝ་ད་ རྫོང་ཁའི་ཚིག་མཛོད་ནང་ལུ་ རྩོད་པ་དང་རྩོད་འགྲན་རྩོད་བསྡུར་ག་ཅི་གི་ཐད་ལུ་ཡང་ འགྲེལ་བཤད་འདི་དང་འདི་ཟེརཝ་ཅིག་ཧིང་སངས་ས་ག་ནི་ཡང་མེད་དོ་བཟུམ་སྦེ་ ད་རེས་ཀྱི་རྩོད་འགྲན་འདི་ཡང་ སྲིད་ཚོགས་ཀྱི་ལྟ་གྲུབ་ལུ་ དགག་སྒྲུབ་ག་ནི་ཡང་མེད་པར་མཇུག་བསྡུ་ད་ཡི།

དེ་འབདཝ་ལས་ ལོག་ཤུལ་ལས་ རྩོད་འགྲན་ག་ཅི་ར་འགོ་འདྲེན་འཐབ་རུང་ དགག་སྒྲུབ་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ཚུགས་ནི་གི་དོན་ལུ་ རྫོང་ཁའི་ཚིག་མཛོད་ནང་ རྩོད་བསྡུར་དང་རྩོད་པ་ཚུ་གི་གོ་དོན་འགྲེལ་བཤད་ཧིང་སངས་སངས་སྦེ་བཙུགས་དགོཔ་འདུག་ཟེར་ཞུ་ནི་ཨིན།

ང་ཚོགས་རྒྱན་མི་བཙུགས།

ད་རེས་ཕྱི་རུ་ཆུ་ཚོད་དྲུག་བརྡུང་པར་སྐར་མ་༡༥ ལས་ར་རྒྱང་མཐོང་ཕྱེ་ཞིན་ན་འབྲུག་རྒྱང་བསྒྲགས་ཀྱི་བརྒྱུད་ལམ་གུ་སོང་སྟེ་ སྲིད་ཚོགས་ཀྱི་གཙོ་འཛིན་གྱི་རྩོད་འགྲན་བལྟ་ནི་སྦེ་ བསྒུགས་སྡོད་ཅི། དེ་སྦེ་བསྒུགས་དགོ་མི་འདི་ཡང་ མ་འོངས་ལོ་ལྔའི་རིང་ལུ་གཞུང་སྐྱོང་གནང་ནི་ཨིན་མི་སྲིད་ཚོགས་བཙག་འཐུ་འབད་ནིའི་དོན་ལུ་ ཚོགས་པ་གདམ་ཁ་རྐྱབ་ནི་སྦེ་བསྒུགས་བསྒུགཔ་ཨིན།

དེ་འབདཝ་ད་ ཆུ་ཚོད་གཅིག་ལྷགཔ་ཅིག་ རྩོད་འགྲན་བལྟ་སྟེ་འབད་ས་ཅིག་རུང་ སྲིད་ཚོགས་ག་དྲགཔ་ཨིན་ན་གདམ་ཁ་རྐྱབ་མ་ཚུགས། གདམ་ཁ་རྐྱབ་མ་ཚུགས་མི་འདི་ག་ཆརཔ་ཟེར་བ་ཅིན་ དང་པ་སྲིད་ཚོགས་ཀྱི་གཙོ་འཛིན་ཚུ་གིས་ ཁོང་རའི་ཚོགས་པའི་ལྟ་བ་ཧིང་སངས་ས་སྦེ་གསལ་བཤད་མ་གནང་། གཉིས་པ་སོངམ་ད་ གཙོ་འཛིན་དེ་ཚུ་གིས་ ཁོང་རའི་སྲིད་ཚོགས་ལུ་ གཞན་ལུ་མེད་པའི་ཁྱད་ཆོས་ག་ཅི་ཡོད་ག་ མ་གསུངས། གསུམ་པ་སོངམ་ད་ དཀའ་ངལ་བསལ་ནི། ཕྱག་ཞུ་ནི། འ་ནི་འབད་ནི་ཟེརཝ་མ་གཏོགས་ ག་དེ་སྦེ་འབད་ནི་ཨིན་ན་དང་དཀའ་ངལ་ག་དེ་སྦེ་བསལ་ནི་ཨིན་ན་ གཙོ་འཛིན་ག་གིས་ཡང་མ་གསུངས།

སྲིད་ཚོགས་ག་དང་ག་དྲགཔ་ཨིན་ན་ལེགས་ཤོམ་སྦེ་ཧ་མ་གོ་བར་ ཚོགས་རྒྱན་བཙུགས་དགོ་པ་ཅིན་ ཡང་ཅིན་ཨེང་ཀེ་བོང་ཀེ་རྐྱབ་སྟེ་ར་བཙུགས་དགོ་ནི་མས། ཡང་ཅིན་གཞན་གྱི་ཁ་ལུ་ཉན་ཏེ་གིས་སྦེ་བཙུགས་དགོཔ་ཐོན་ནི་མས། དེ་སྦེ་བཙུགས་ད་པ་ཅིན་ ལཱ་ཁག་སྦེ་དུས་ཚོད་བཏང་ ཟད་འགྲོ་བཏང་མི་འདི་ དོན་དག་ག་ནི་ཡང་མེདཔ་འགྱོ་ནི་ཨིན་མས། དེ་འབདཝ་ལས་ སྲིད་ཚོགས་ག་དྲགཔ་ཨིན་ན་ ལེགས་ཤོམ་སྦེ་ཧ་མ་གོ་ཚུན་ཚོད་ ང་ཚོགས་རྒྱན་རྩ་ལས་ར་མི་བཙུགས།

ནཱ་སྦུ་གིས་ སྲིད་ཚོགས་གདམ་ཁ་རྐྱབ་ཚུགས་ཅི་ག།

འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་གྱིས་གསུངས་མས། ཁོང་གི་ཚོགས་པ་ནང་ ན་གཞོན་མང་སུ་ཡོད་ལོ། དེ་འབདཝ་ལས་ ན་གཞོན་གྱི་དཀའ་ངལ་བསལ་ནི་ཟེརཝ་མས།
འབྲུག་མཉམ་རུབ་ཀྱི་གཙོ་འཛིན་གྱིས་གསུངས་མས། ཁོང་གི་ཚོགས་པ་གིས་ མི་སེར་ལུ་ལུས་དང་སེམས་ཀྱི་སྡུག་བསྔལ་ལྷམ་པ་གཉིས་ཡོད་ས་ལས་ སེམས་ཁའི་སྡུག་བསྔལ་བསལ་ནི་ལུ་ གཙོ་བོར་བཏོན་ནི་ཟེརཝ་མས།

འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་གསུངས་མས། ན་གཞོན་གྱི་དཀའ་ངལ་བསལ་ཐབས་ལུ་ལཱ་གཡོག་བློན་པོ་འོག་མ་ཅིག་གསར་བསྐོས་མཛད་ནི་ཟེརཝ་མས།

དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་གསུངས་མས། དབང་ཆ་ཕྱིར་སྤེལ་གནང་ནི་ཟེརཝ་མས།

དེ་སྦེ་གསུངས་ཏེ་ར་འབད་ས་ཅིག་རུང་ སྲིད་ཚོགས་བཞི་གི་གྲལ་ལས་ འདི་དྲག་པས་ཟེར་མི་ཅིག་ རྩ་ལས་ར་གདམ་ཁ་རྐྱབ་མ་ཚུགས།

ནཱ་སྦུ་གིས་གདམ་ཁ་རྐྱབ་ཚུགས་ཅི་ག།

ང་གིས་ཞུ་ནི་གི་གནད་དོན་སྙིང་པོ་འདི་ སྲིད་ཚོགས་གདམ་ཁ་རང་གིས་མ་རྐྱབ་པར་ གཞན་གྱི་ཁ་ལུ་ཉན་ཏེ་ ཚོགས་རྒྱན་བཙུགས་མ་གནང་། ག་ཅི་སྦེ་ཟེར་བ་ཅིན་ གཞན་གྱི་ཁ་ལུ་ཉན་ཏེ་ཚོགས་རྒྱན་བཙུགས་པ་ཅིན་ མཇུག་མཐའན་མཇུག་ལུ་ ལོ་ལྔའི་རིང་ཨ་ཁའི་ཟེརཝ་ཟེར་ས་ར་ མི་ཚེ་བསྐྱལ་དགོཔ་ཐོན་འོང་། རང་གིས་གདམ་ཁ་རྐྱབ་རྐྱབ་འབད་བ་ཅིན་ རང་གིས་བཟོ་བའི་བསིང་ཆང་། མངར་རུང་སྐྱུར་རུང་འཐུང་དགོ་ཟེར་དོ་བཟུམ་ བློ་འགྱོད་སྐྱེ་དགོཔ་མེད་ཟེར་ཞུ་ནི་སྦེ་ཨིན་ལགས།

དམ་ཆོས་བཟང་མོ་ལུ་བསྐྱལ་བའི་གཏང་ཡིག།

ལྷོ་དཔལ་ལྡན་འབྲུག་པའི་ཞིང་ཁམས་སུ། །གཞུང་སྤུངས་ཐང་བདེ་བ་ཅན་གྱི་གཞོལ། །རང་སྨོན་ལམ་མཐུན་པའི་མ་སྨད་གཉིས། །མིང་བརྗོད་ན་དམ་ཆོས་བཟང་མོ་ཁྱོད། །ཡུལ་འཐེད་གཞུང་སྐྱིད་པའི་སྨན་ལྗོངས་ཞེས། །ས་རྒྱ་དང་བོད་ལས་གོ་བའི་ཚེ། །ལྗོངས་སྐྱིད་པའི་ལོ་རྒྱུས་ཚོད་ཚོད་མེད། །ཐོས་ཚད་ཀུན་ཁ་ཆུ་ལྡན་ལྡན་སྐྱེ། །རང་ནང་འཐད་དཔྱད་དེ་བལྟ་བའི་སྐབས། །ལྷོ་ནང་འཁྲུག་བྲེ་བའི་མིང་ཅན་གྱིས། །བློ་བདེ་བ་ཞག་གཅིག་ཙམ་ཡང་མེད། །དུས་ད་རེ་འདི་ཕྱོགས་དཔྱད་བལྟ་ཚེ། །འབངས་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་འདི། །དཔོན་སྐུ་བསོད་ཅན་གྱིས་སྐྱོང་བའི་ཚེ། །ས་ལག་མཐིལ་ཙམ་ཡང་མ་ལུས་པ། །རང་རབ་རྩེ་དཔོན་གཡོག་འོག་ལ་ཚུད། །ས་ཆོས་གཞིས་ག་ཏད་བཞེས་བཞེས་ཡིན། །དུས་དང་ཕུའི་ཁྲལ་གཞིས་མངའ་འབངས་ཚོ། །བོད་བསམ་ཡས་ལྷ་ཁང་གསུང་འབྱོན་འདྲ། །བྱིན་སྔར་ཐང་ཡོད་ཟེར་ཞུ་ནོད་མེད། །རང་དཔོན་གཡོག་བཞེས་ནོད་བཞག་ནོད་འདི། །གྲ་པ་དང་སུག་མ་ལ་སོགས་པ། །འབའ་ལེགས་དང་འབུན་རྫོབ་ཨ་མ་མ། །མི་དགོས་རང་ཟེ་རུང་འཛུལ་མི་མང་། །མ་འཛུལ་རུང་བཙུག་པ་མི་འཇམ་མེད། །དུས་ད་ལྟ་རང་རེའི་གོང་མ་ཚོ། །སྐུ་བསོད་དང་སྐུ་དབང་ཚོད་ཚོད་མེད། །འཐག་འཐག་དང་ལེབ་ལེབ་བཟོ་བ་འཇམ། །ལ་ལོ་གཅིག་རྐང་རྩལ་རྒོད་དེ་ཐལ། །ལ་ལོ་གཅིག་ཞུ་ཕྱག་འཚལ་དེ་སྐྱོང་། །སྐྱོང་ཟེ་རུང་ཁམས་གསུམ་དབང་འདུས་ཡིན། །དུས་ད་རེ་རང་གི་སྐྱོང་སྐྱོང་ཡིན། །ཕུག་རྡོ་རྗེ་གདན་ཡང་རྟག་པར་མེད། །མེད་ཟེར་བ་བློ་དམན་ངོ་ན་ཡིན། །གཞན་མཁས་པའི་གསུང་ལས་ཉན་བལྟ་ཚེ། །རྫོགས་སངས་རྒྱས་བཞུགས་ས་རྡོ་རྗེ་གདན། །ཉམས་རྟོགས་པའི་མཐར་ཐུག་ཆོས་ཀྱི་དབྱིངས། །དེ་ནམ་ཞག་བརྟན་པའི་ལོ་རྒྱུས་དང་། །དུས་འཕོ་འགྱུར་མེད་པའི་གཏན་ཚིགས་དེ། །དཔལ་རྫོགས་པའི་སངས་རྒྱས་ཀྱི་ཞལ་གསུང་ཡིན། །འདི་མི་བདེན་ཟེ་ན་དགའ་བདེར་སྐྱབས། །ཨ་ཁོ་རེ་རང་རེའི་དམ་ཆོས་མ། །དོན་དེ་ཚོ་ཞོར་ལས་འཐོན་པའི་ཚིག། །གཏམ་བཤད་བཤད་ཁ་ཡི་ཝ་ག་ཡིན། །ད་མཐར་ཐུག་དོན་གྱི་སྙིང་པོ་ལ། །ས་འཐེད་གཞུང་ཕོ་ཆུ་མོ་ཆུའི་འགྲམ། །མིང་དམ་ཆོས་བཟང་མོའི་ཉམས་ལེན་ཅན། །ཉམས་དབྱར་ཁའི་སྤང་བཞིན་སྐྱེ་རྡོ་གམ། །མཐའ་དམ་ཚིག་མི་འཁྲུལ་ང་རང་ཤེས། །གཟུགས་ན་ཚ་མེད་པ་སྡོད་ཡོད་དམ། །རྐྱེན་བར་ཆད་མེད་པའི་རིམ་གྲོ་འབད། །བློ་ཚེ་སྒྲུབ་སྲི་བཟློག་བཏང་སྨ་རེད། །རང་ནོར་དཔོན་བགྲེས་པའི་འཕྲིན་ལས་པ། །དཔོན་ཆོས་རྩེ་གོང་མའི་བཀའ་དྲིན་ལས། །ས་སྐུ་རི་ལུངས་པའི་མདོ་བཞི་ལ། །ལོ་དུས་ཀྱི་འབུལ་ཆད་བདའ་མི་ཡིན། །དུས་དང་ཕུ་སཱ་ལུ་ལྗང་པའི་ས། །ད་འཇག་མ་ཙམ་ཡང་དཀོན་ཐང་ཐང་། །འཇམ་ལྟང་ལྟང་རོག་ལས་འཐོན་པ་ཁག། །མ་ཐོབ་པ་རང་གིས་བཞག་མི་ཐུབ། །དཔོན་གོང་མ་བཀའ་དྲིན་ཆེ་བདོ་བ། །རང་མཛུབ་མོ་གར་གཏད་ཤར་རང་ཡིན། །དགུང་ཁྲི་གདུགས་ཤར་ས་ཤར་མི་ཟེར། །རང་དགོས་ཚད་འབྱུང་ས་ཤར་རང་ཡིན། །ཡུན་མི་རིང་ང་ཡང་ལོག་དོད་འོང་། །ཐབས་མཁས་ཀྱི་ཡུལ་བསྐོར་རྒྱབ་པའི་ཚེ། །རྐྱེན་བར་ཆད་མེད་པ་ཕྲད་ཐག་ཆོད། །དེ་མ་བརྗེད་ང་རེའི་མ་སྨད་གཉིས། །གཟུགས་བཟང་བའི་ལག་རྟགས་ཕྲན་ཙམ་བཅས། །ཤར་ལུངས་པའི་སྐུ་རི་ཤར་ཕྱོགས་ལ། །རྫོང་ལྷུན་གྲུབ་བྲག་གི་སྐེད་པ་ལས། །ནོར་རྐང་བཞི་དཔོན་པོ་བགྲེས་པས་སྐྱེལ། །

སྙིང་གྲོགས་རིན་ཆེན་ལུ་བསྐྱལ་བའི་གཏང་ཡིག།

རང་ཡུལ་ཐེད་གཞུང་ས་ཡི་ཐིག་ལེའི་སྟོད། །སྐུ་རི་ལུངས་ཞེས་གྲགས་པའི་དགའ་ཚལ་ནས། །སྔོན་བསགས་སྨོན་ལམ་མཐུན་པའི་སྙིང་གྲོགས་མས། །ཡི་གེ་རྟེན་བཅས་སྐྱེ་བ་ཉམས་མེད་འབྱོར། །གནས་ཚུལ་ལོ་རྒྱུས་དྭང་ཁྲོལ་གོ་བའི་ཚེ། །དངོས་སུ་ཕྲད་པ་ལྟ་བུས་སེམས་དགའ་མོད། །ཡིག་རྟེན་བྱིན་རླབས་བསུང་བགྱིག་འབྱོར་བ་འདི། །མཚན་ལྡན་བླ་མའི་ཞབས་སུ་ལྷོད་སམ་སྙམ། །ད་ལྟ་བར་ཆད་སེལ་བའི་བསྲུང་བགྱིག་དང་། །ཕྱི་མའི་ལམ་སྣ་འདྲེན་པའི་བྱིན་རླབས་བཅས། །དགེ་བའི་ཕྱོགས་ལས་སྒོར་ཆ་ཚོད་ཚོད་མེད། །དགའ་ཚོར་ཡོད་དོ་ང་རེའི་རིན་ཆེན་མ། །ཨང་རྒན་ལོ་དང་ན་ཚོད་རྒས་པའི་སྟབས། །སྐྱེ་བ་ཕྱི་མའི་དུས་ལ་བབ་ཁྱེད་རུང་། །ལམ་བཟང་སྐྱེ་ས་མཐོ་བ་ཐོབ་པའི་གཞི། །དགེ་རྩ་བསྒྲུབ་པས་རང་ཡེ་བསམ་པ་རྫོགས། །གཞན་གྱིས་བཏབ་འཇལ་ལོན་འཇལ་འགལ་ཆེའི་རིགས། །ཀླུ་བས་ཕྱག་ན་རྡོ་རྗེའི་དཔེ་བཞིན་དུ། །ཚ་རྒྱས་ང་ཡང་ཆེ་བའི་རང་བཞིན་ལ། །ཐབས་དང་བསྙེད་ཀྱིས་བསྒྲུབ་ནོད་མ་གཏོགས་པས། །གཡས་རྒྱབ་ཤ་དང་གཡོན་རྒྱབ་མར་བཞིན་དུ། །འབའ་ལེ་བུན་རྫོགས་ལེན་ས་མི་འདུག་པས། །མ་རྒྱབ་ཤུགས་ཀྱིས་བརྡོལ་བའི་དཔེ་ལྟ་བུ། །ངམ་དང་རིམ་གྱིས་ཨ་པས་འབད་འོང་མོ། །མགུ་ལས་མག་གིས་ཞོང་བའི་གནས་སྐབས་ཀྱིས། །ཁ་འཇམ་གཏམ་གྱིས་གཞན་སེམས་ལྷུ་བའི་ཚེ། །ག་ཏད་འབད་རུང་ཕག་ཕུལ་སྐྱབས་ཚུག་པ། །ད་རེ་ཁྱོད་ལས་ག་ཏད་ཧན་ཧན་སླབ། །ཐབས་མཁས་ཤག་ཀྱའི་རིགས་སུ་འཁྲུང་ཤོག་མོ། །ཏ་མ་ཁྱོད་ཡང་སྐྱལ་ས་མ་སྐྱལ་བ། །སྨར་མོའི་སྐྱིན་པ་རྗེན་པ་ང་ལས་འབད། །དེ་ཚེ་ལྷ་དགའ་མི་སྐྱིད་འོང་ཐག་ཆོད། །དེ་ལས་ནམ་ཟླ་དུས་ཀྱིས་དེད་པ་ལས། །ཝང་གཞིས་བསིལ་བའི་ཕྱོགས་སུ་བཏེག་པའི་ཚེ། །ཤེས་ངག་ཚད་པའི་ས་ཁར་མི་ཆགས་པས། །ཀྲོང་གསར་མི་འགྱུར་རྒྱལ་པོའི་ཁབ་ལ་ཤོག། །འདི་ཁའི་བྲེལ་བ་ཕྲལ་དུ་བཅད་ས་མེད། །ཤར་ཕྱོགས་རྣ་བ་རྒལ་པར་བཀལ་ཚ་འདུག། །ཤ་ཁྱིམ་ནང་ལ་སོང་རུང་གཞིས་བཏེག་སྨད། །ལོ་དང་ཟླ་བས་ཕུལ་དེ་འགོར་ཐག་ཆོད། །རིང་མིན་བར་སྐབས་ང་ཡེ་ཀྲོང་སར་ལ། །འཐོན་རྩིས་ཡོད་པས་ཞིབ་ཆ་དེ་སྐབས་ཕྲད། །གནས་ཚུལ་དང་ཁྲོལ་བཤད་ཚེ་ཁྱོད་ཀྱི་སེམས། །རིང་ཐུང་མི་འདུག་མནོ་བས་སེམས་དགའ་རུང་། །ལྷུན་གྲུབ་བྲག་གི་སྐེད་པའི་རྫོང་ཁ་འདི། །ཧིན་ཙེ་ཧིང་ཙེ་ཟེར་བ་བདེན་ཚོད་འདུག། །ཀོབ་ཏ་ཙམ་ཡང་མེད་པའི་ཙེ་ཁག་ཁ། །ཁྱོད་ནི་བདེ་བ་ཅན་གྱི་ཕོ་བྲང་མཆོག། །རྒྱ་བོད་ཟས་ནོར་འཛོམས་པའི་སྤུངས་ཐང་ཁ། །ཐོད་དཀར་ཅན་གྱི་སྤྲོ་ཟས་གོ་ཧད་ཡང་། །ཀང་ཟ་མུ་ཟ་ཤ་སྐམ་ལ་སོགས་པ། །དོབ་ཀ་བཤལཝ་བྱི་ཙི་མཇུག་མ་སོགས། །འབོལ་འབོལ་འཐོན་པའི་པ་སངས་ཁ་ལྟ་བུ། །ཡིག་རྟེན་བཀལ་བའི་མནོ་བསམ་མི་འདུག་པས། །ཕ་སེམས་བུ་ལ་མནོ་རུང་བུ་སེམས་ཁྲག། །མ་སེམས་བུ་མོར་མནོ་རུང་བུ་སེམས་ཆུ། །མ་གཞི་ལོ་རྒྱུས་ཙམ་གྱི་གློ་ཡིན་མོད། །ཏིག་ཏིག་ཁྱོད་རའི་སེམས་ཀྱིས་དཔྱད་ལྟ་མོད། །དེ་ཚོ་གནས་སྐབས་གཏམ་གྱི་ལོ་རྒྱུས་ཡིན། །ཞིབ་ཆ་དངོས་ཕྲད་སྐབས་སུ་སེམས་ངེས་གྱིས། །གཟུགས་ཁམས་བཟང་བའི་ལག་རྟགས་རྟེན་དང་བཅས། །ཧེན་རྩེ་རྫོང་ལས་དགེ་མིང་བདག་གིས་སྐྱེལ། །