ཤར་བསམ་གཏན་སྒང་གི་ལ་ཕུག


དང་ཕུ་ ང་བཅས་རའི་རྒྱལ་ཁབ་ནང་ འབྲུག་རྒྱལ་ཁབ་སྤྱི་ལུ་དབང་བའི་རྒྱུད་འཛིན་གྱི་རྒྱལ་པོ་མེད་པར་ ཆབ་སྲིད་སྡེ་སྲིད་ཀྱིས་སྐྱོང་སྟེ་བཞུགས་པའི་སྐབས་ ཤར་དར་བརྒྱད་པའི་སྤྱི་བླ་ དབང་འདུས་རྫོང་དཔོན་ དོམ་ཅུང་ཟེར་མི་ཅིག་སྡོད་སྡོདཔ་མས།

ཉིནམ་གཅིག་འབདཝ་ད་ རྫོང་དཔོན་དེ་གིས་ ཁོ་རའི་སྒར་ལྟོ་ཆ་ཁྱབ་ལུ་ རྣམ་རྟོག་ལངས་སི་སི་གི་བཀའ་རྒྱ་ཅིག་གནང་ནུག དེ་ཡང་ ཤར་བསམ་གཏན་སྒང་ལུ་ ལ་ཕུག་བཏབ་ནིའི་དོན་ལུ་ ས་གླང་དོ་ལྔ་དེ་ཅིག་གིས་རྩིས་ རྩེ་རི་རྫམ་སྟེ་ སྤང་སྤེད་དགོཔ་སྦེ་ བཀའ་གནང་གནངམ་མས།

བཀའ་རྒྱ་དེ་གོཝ་ད་ སྒར་ལྟོ་ཆ་ཁྱབ་ རྣམ་རྟོག་མི་ལངས་དགུ་ལངས་ལངས་རུང་ གོང་མའི་བཀའ་ལན་གཅིག་མ་གཏོགས་ལན་གཉིས་མེད་ཟེར་དོ་བཟུམ་ ཐབས་ར་མེད་པར་ བཀའ་བཞིན་ཕྱག་ཞུ་དགོཔ་ཐོན་ནུག

གཉེར་ཆེན་གྱིས་ ཤར་དར་བརྒྱད་པའི་སྤྱི་དཔོན་ག་ར་བཀུག་ཞིནམ་ལས་ “ཁྱེད་ཆ་ཁྱབ་ནཱ་འབོ་དགོ་མི་འདི་ ང་བཅས་རའི་སྐུ་ཞོགས་རིན་པོ་ཆེའི་བཀའ་དགོངས་དང་འཁྲིལ་ ཤར་བསམ་གཏན་སྒང་ལུ་ ལ་ཕུག་བཏབ་ནིའི་དོན་ལུ་ ཞིང་གླང་དོ་ལྔ་རྨོ་བཞག་ཡོདཔ་ལས་ མི་སེར་ཚུ་ལས་ ལ་ཕུག་སོན་ཁྲལ་བསྡུ་འབག་ཤོག་ཟེར་སླབ་ནི་སྦེ་ཨིན། ལ་ཕུག་སོན་དེ་ཡང་ མཐོནི་ཁྱིམ་གུང་རེ་ལས་བྲེ་གིས་བཅད་དེ་དང་ དམའནི་ལྕགས་དཀར་ཀྲི་མི་གང་ལས་མ་ཉུངམ་སྦེ་འབག་འོང་དགོཔ་ད་ གལ་སྲིད་ དེ་ལུ་མ་བཏུབ་མ་བཅའཝ་རེ་སླབ་མི་ཐོན་པ་ཅིན་ སྦ་གསང་གང་ཡང་མེད་པར་ ནཱ་ཞབས་སར་ཞུ་བར་བཅར་དགོ་སྨ་རེ་” ཟེར་བཀའ་རྒྱ་བསྩལ་ནུག

སྤྱི་དཔོན་ཆ་ཁྱབ་ གཉེར་ཆེན་གྱི་བཀའ་རྒྱ་ལྟར་ རང་རང་སོ་སོའི་སྤྱི་འོག་ལུ་ཡོད་པའི་ཁྱིམ་གུང་རེ་རེ་བཞིན་དུ་སྒོ་བཤལ་ཏེ་ ལ་ཕུག་སོན་བསྡུ་བར་འགྱོཝ་ད་ ཁྱིམ་གུང་རེ་རེ་ལས་ ལ་ཕུག་སོན་བྲེ་གིས་བཅད་དེ་ཐོན་ནི་ཕར་ར་བཞག་ ལྕགས་དཀར་ཀྲི་མི་གང་གང་ཡང་འཐོན་ཚུགས་མི་མེདཔ་ཨིན་མས། ཨིན་རུང་ སྤྱི་དཔོན་ཆ་ཁྱབ་ཀྱིས་ཐབས་འཐུས་འབད་དེ་ ལྷག་ཐོན་མི་ཆ་ཁྱབ་ལས་ཕྱིས་ཏེ་ ཆད་ཐོན་མི་ལུ་བཀལ་སྦེ་ ཁྱིམ་གུང་རེ་རེ་ནང་ལས་ ལྕགས་དཀར་ཀྲི་མི་གང་གང་ ཆད་ལྷག་མེད་པར་ཐོནམ་བཟོ་སྟེ་ཕུལཝ་ད་ ལ་ཕུག་སོན་ཡོངས་བསྡོམས་ བྲེ་ལྔ་ཐོན་ནུག

ང་བཅས་རའི་སོ་ནམ་ཞིང་པ་ཚུ་གིས་ ལ་ཕུག་སོན་བཏབ་ནི་གི་ཉིནམ་དེ་ ཉིམ་གླང་ལུ་ལེགས་ཤོམ་ཨིནམ་སྦེ་བརྩི་སྲོལ་ཡོདཔ་བཞིན་དུ་ གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་བསྟུན་ ཉིམ་གླང་ཕོག་པའི་ཉིན་མར་ རིགས་བརྒྱུད་བཟང་མི་དང་ མིང་བཀྲ་ལེགས་ཤོམ་ཡོད་མི་བོད་སྒརཔ་དག་པ་ཅིག་སོང་ཞིན་ན་ ལོ་འདི་ནང་གི་ལོ་རྟགས་བཟང་ཤོས་ཕོག་མི་གིས་ཁྱིད་དེ་ ལ་ཕུག་སོན་བཏབ་ནུག

ཟླཝ་དག་པ་ཅིག་གི་རྒྱབ་ལས་ རྫོང་དཔོན་གྱིས་ ལ་ཕུག་སྐྱེས་ག་མ་སྐྱེས་བལྟ་བར་འགྱོ་དགོ་པའི་བཀའ་གནང་སྟེ་ བོད་སྒརཔ་དག་པ་ཅིག་ བལྟ་བར་འགྱོཝ་ད་ ལ་ཕུག་སོན་འབྲེ་ལྔ་ག་ར་བསྡོམས་ཏེ་ ལ་ཕུག་ཕུད་རྡོག་གཅིག་སྦེ་སྐྱེས་སྡོད་ནུག་ཟེར་ཨིན་མས། དེ་འབདཝ་ད་ ལ་ཕུག་དེ་ ཅི་དང་མ་འདྲ་བའི་སྦོམ་ཡོདཔ་ལས་ འདབ་མ་གུ་ མི་འཛེགས་རུང་འཛེགས་བཏུབ་སྦེ་ཡོདཔ་ཨིན་མས།

དེ་བཟུམ་གྱི་ལ་ཕུག་དེ་ མངོན་སུམ་མཐོང་ནི་ཕར་ར་བཞག་ རྨི་ལམ་ནང་ཡང་མཐོང་མ་མྱོངམ་ལས་ ཁོང་ག་ར་ཧ་ལས་ཏེ་བལྟ་སྡོད་པའི་བར་ན་ བོད་སྒརཔ་རྩལ་ལག་ཡོད་མི་ཅིག་གིས་ ལ་ཕུག་གི་འདབ་མ་གུ་ལས་ཡར་ འཛེགས་ཡར་སོ་ནུག ཁོ་གིས་ ལ་ཕུག་གི་སྦུག་གི་འདབ་མ་གུ་འཛེགས་ཞིན་ན་ “ཁ་བོད་ཀྱི་ཕྱོགས་ལུ་བསྒོར་བལྟ་ཚེ། །བོད་ལྷ་ས་བསམ་ཡས་ཕྲང་ཕྲང་མས། །ཁ་རྒྱ་གར་ཕྱོགས་ལུ་བསྒོར་བལྟ་ཚེ། །རྒྱ་རྡོ་རྗེ་གདན་ཡང་ཕྲང་ཕྲང་མས། །ངེའི་ལྟོ་ཚང་མཉམ་རོགས་བོད་སྒརཔ་ཚུ། །གནས་རྩ་ཅན་འདི་གཉིས་མི་མཇལ་ག །”ཟེར་སླབ་ནུག

བོད་སྒརཔ་ལྟོ་ཚང་ཆ་ཁྱབ་ཀྱི་སེམས་ཁ་ལུ་ ཐད་རེ་བ་རེ་ར་ཨིནམ་འདྲས་མནོ་སྟེ་ ལ་ཕུག་གི་སྦུག་གི་འདབ་མ་གུ་ལས་ཡར་ ག་ཐོབ་རྐྱབ་འཛེགས་སྡོད་པའི་བར་ན་ ག་ལས་འོངས་གུ་ལས་འོངས་མེད་པར་ སྦྱངམ་ཅིག་འཕུར་འོངས་ཏེ་ ཁོང་ཆ་ཁྱབ་འཛེགས་སའི་འདབ་མ་གུ་ཆགསཔ་ཅིག་ དེ་གི་ཤུགས་ཀྱིས་ ལ་ཕུག་གི་འདབ་མ་གཡོམ་རྐྱབ་སྟེ་ ཁོང་ག་ར་ ས་ཁར་སྤུད་བཀོ་ད་ནུག

ཁོང་ཆ་ཁྱབ་ ལ་ཕུག་གི་འདབ་མ་གུ་ལས་འབུད་དེ་ དུས་མེནམ་ནདཔ་ཐོན་སོངཔ་ལས་ གཅིག་གིས་གཅིག་ ཕར་བཤེད་ཚུར་བཤེད་སྦེ་ལོངས་ཞིན་ན་ ལོག་རྫོང་ནང་སོང་སྟེ་ ལོ་རྒྱུས་དེ་ བོད་སྒརཔ་ལྟོ་ཚང་དམངས་ལུ་སླབ་སོང་པ་ ལྟོ་ཚང་ཆ་ཁྱབ་ཀྱིས་ ཡིད་ཆེས་བསྐྱེད་ནི་ཕར་ར་བཞག་ ཐེ་ཚོམ་ཆུང་ཀུ་ཅིག་ར་སྐྱེས་མ་བཏུབ་པས། ཨིན་རུང་ཡང་བཀའ་བགྲོསཔ་དང་གཟིམ་དཔོན་ཚུ་གིས་ ཁོང་གིས་སླབ་མི་ལོ་རྒྱུས་ཚུ་ག་ཨིནམ་སྦེ་ རྫོང་དཔོན་ལུ་ཞུཝ་ད་ རྫོང་དཔོན་གནམ་མེད་ས་མེད་ཐུགས་མཉེས་ཏེ་ ལ་ཕུག་དེ་འབལ་བར་ རྫོང་དཔོན་ཁོ་རང་ར་ འབྱོན་ནི་ཨིན་ཟེར་གསུངས་ནུག

འདི་གི་ནངས་པར་ རྫོང་དཔོན་གྱིས་ཁྱིད་དེ་ བོད་སྒརཔ་དམངས་སོང་སྦེ་ ལ་ཕུག་འབལ་བལྟཝ་ད་ ག་དེ་སྦེ་འབལ་རུང་འབལ་མ་ཚུགསཔ་མ་ཚད་ ཤར་དར་བརྒྱད་ཀྱི་མི་སེར་ དྲུག་བསྡོམས་ཕོག་མི་ཆ་ཁྱབ་ག་ར་ འུར་ལཱ་ཐོན་བཅུག་སྟེ་ ལ་ལུ་གིས་ཐགཔ་བཏགས་འཐེན་ ལ་ལུ་གིས་ལྕགས་ངར་རྐྱབ་འབད་རུང་ རྩ་དང་སྤུ་ལས་ར་ འབལ་མ་ཚུགས་པས།

དེ་གི་ནངས་པར་ ཨ་ལོ་རྨས་སྐྱེས་མ་གཏོགས་ གཞན་ཨ་ལོ་ལམ་འགྱོ་ཤེས་མི་ཡན་ཆད་དང་ ཨ་རྒས་ཨང་རྒས་ཆ་མཉམ་འཐོན་བཅུག་སྟེ་འབལ་རུང་འབལ་མ་ཚུགས་པས། དེ་བསྒང་ ཁྱུང་སེ་ཁ་ལུ་ ཨང་རྒས་ཅིག་ཡོད་མི་དེ་ འུར་ལཱ་རྐྱབ་པར་མ་ལྷོདཔ་ལས་ རྫོང་དཔོན་དགོངམ་ཁྲོས་ཏེ་ མོ་བསྒྱིམས་བང་ཆེན་དཔགས་བཏང་ནུག བང་ཆེན་པ་ཚུ་ཕར་ལྷོད་བལྟཝ་ད་ ཨང་རྒས་དེ་ ཡར་ལོངས་ར་མ་ཚུགས་པར་ ཆབ་གསང་ཡང་ རྐང་ལག་བཞི་སྦེ་ གོགཔ་འགྱོ་སྡོད་ནུག་ཟེར་ཨིན་མས། དེ་ལས་བང་ཆེན་པ་ཆ་ཁྱབ་ ག་ཅི་ཡང་འབད་སའི་ལམ་མ་ཐོབ་པར་ ཨང་རྒས་དེ་ ཅ་གུ་བཀལ་ཏེ་འབག་འཐོན་འོངས་ནུག

བསམ་གཏན་སྒང་ལུ་ལྷོད་དེ་ རྫོང་དཔོན་གྱི་སྐུ་མདུན་ལུ་བསྐྱལཝ་ད་ རྫོང་དཔོན་ཡང་ཞལ་སྐྱེངས་ཏེ་ག་ཅི་ཡང་གསུངས་ས་མཐོབ་པར་བཞུགས་པའི་བར་ན་ ཨང་རྒས་དེ་གིས་ གོགཔ་སོང་ཞིན་ན་ ལགཔ་གཡོནམ་གིས་ ལ་ཕུག་འདབ་མ་གུ་ལས་བཤེད་ ལགཔ་གཡསཔ་གིས་ ལ་ཕུག་གི་ར་ཏོག་གུ་ ཀོ་ཏི་ཐེངས་ཕོགས་གཅིག་བླུགསཔ་ཅིག་ ལ་ཕུག་དེ་ འཇམ་ཏོང་ཏོ་སྦེ་འབལ་ཡར་སོ་ནུག དེ་ལས་འབདན་ རྫོང་དཔོན་ཐུགས་མཉེས་ཏེ་ ལ་ཕུག་གི་འདབ་མ་ཚུ་ སྟ་རེས་རྐྱབ་སྟེ་བཏོགས་ཞིནམ་ལས་ འུར་ལཱ་འཐོན་མི་ཆ་ཁྱབ་ལུ་ ཧོ་བསྒྱེས་བཟོ་སྦེ་མཛར་ཅུངམ་བྱིན་ད་ནུག

དེ་ལས་ ལ་ཕུག་དེ་ ཕོ་རྒྱ་ངང་ཡེང་ཚུ་གིས་ ལ་ལུ་གིས་ཐགཔ་བཏགས་ཏེ་གདོང་ལས་འཐེན་ ལ་ལུ་གིས་རྒྱབ་ལས་གཡུ་རྡོ་རྐྱབ་སྦེ་ རྫོང་ཁ་ཐུག་འདྲུད་འབག་འོང་ནུག དེ་སྦེ་འོངས་ཏེ་ དབང་འདུས་ཟམ་པར་ལྷོདཔ་ད་ ལ་ཕུག་སྦོམ་དྲགས་ནི་འདི་གིས་ ཟམ་པ་ལས་མ་ཤོངས་པར་ གཙང་ཆུ་སྐེདཔ་བཏོགས་ཏེ་འབག་དགོཔ་ཐོན་ནུག

རྫོང་གི་སྒོ་ཁར་ལྷོདཔ་ད་ ད་རུང་ རྫོང་གི་སྒོ་ར་ནང་ལས་མ་ཤོངས་པས། དེ་ལས་རྫོང་གི་ཤག་སྐོར་གྱི་ཕྱི་ཁ་ལས་ཡར་ ཤིང་དུམ་གཉིས་ལྷོངས་ཞིནམ་ལས་ ལ་ཕུག་མགུ་དང་མཇུག་ལས་ཐགཔ་བཏགས་ཏེ་ ཀེར་ཀེར་སྦེ་འཐེན་ནུག དོ་ར་ ཁྱིམ་ཏོག་གུ་ལྷོད་དོ་ཟེརཝ་ད་ ཐགཔ་ཆད་དེ་ལ་ཕུག་ཤོར་སོ་ནུག

ལ་ཕུག་ཡ་ལས་ཤོརཝ་ཅིག་ ཁྱིམ་ཏོག་གུ་ལས་ ལ་ཕུག་ཡར་འཐེན་མི་བོད་སྒརཔ་ཆ་ཁྱབ་ ཚ་ངེར་བཏོན་ཏེ་མར་འབབ་སོང་བལྟཝ་ད་འབད་ཚེ་ ས་ཁ་ལུ་ བུད་བུད་བའི་ཤུལ་ར་མིན་འདུག་ཟེར་ཨིན་མས།

བོད་སྒརཔ་ཆ་ཁྱབ་དང་ འུར་ལཱ་ཐོན་མི་ཆ་ཁྱབ་ག་ར་གིས་ རྫོང་བསྐོར་ར་རྐྱབ་ ག་ཏེ་འཚོལ་རུང་འཚོལ་མ་ཐོབ་མ་ཚད་ རྒྱལ་བ་རིགས་ལྔའི་རྩང་གི་འདབ་མ་རེ་རེ་བཞིན་དུ་ལྷོགས་བལྟ་རུང་ འཚོལ་མ་ཐོབ་པས། ག་ཏེ་འཚོལ་རུང་འཚོལ་མ་ཐོབ་པར་ ན་འཐན་ཐང་ཆད་དེ་ མིག་ཏོ་ཡར་གནམ་ཁ་ལྟ་བལྟཝ་ད་འབད་ཚེ་ ལ་ཕུག་དེ་ རྫོང་གི་རབ་གསལ་གུ་ བབ་ཤནམ་གྱི་ཚང་གུ་ལས་མར་དཔྱངས་སྡོད་ནུག་ཟེར་ཨིན་མས།

དེ་ལས་ གྲྭ་ཚང་འཕགས་པའི་དགེ་འདུན་གྱི་སོལ་དཔོན་དེ་འོངས་ཏེ་ ལ་ཕུག་དེ་ཕབ་འབག་ཞིན་ན་ འཕགས་པའི་དགེ་འདུན་དམངས་ལུ་ གསོལ་སྒྱེས་བཟོ་སྦེ་དྲང་ད་ནུག་གོ།

བང་རྔ་བཀྲ་ཤིས།


དང་ཕུགས་གདིང་ཕུགས་ གཡུས་ཚན་གཅིག་ནང་ ཨཔ་ཅིག་དང་ཨམ་ཅིག་སྡོད་ནུག། ཁོང་གཉིས་ གཅིག་ཁར་བསྡོམས་ཏེ་ཡུན་རིངམོ་སོང་རུང་ བུ་གཞི་གཅིག་ཡང་མ་ཐོནམ་ལས་ སེམས་ཁར་ ཚ་གྱང་སྦོམ་ར་ཕོག་སྟེ་སྡོད་ཡོདཔ་ཨིན་མས།

ཚར་གཅིག་འབདཝ་ད་ དཔྱད་རིག་རྣམ་རྟོག་མེད་སི་སི་སྦེ་ ཨམ་གྱི་ཕོཝ་ནང་ ཨ་ལོ་ཆགས་པའི་རྟགས་མཚན་ཐོན་ནུག། དེ་ལས་ཁོང་གཉིས་ གནམ་མེད་ས་མེད་སེམས་དགའ་སྟེ་སྡོད་པའི་བར་ན་ ཟླཝ་ཚང་སྟེ་ ཨ་ལོ་སྐྱེས་ཆི་ནུག།

ཨ་ལོ་དེ་ཡང་ བུ་ཨིནམ་ལས་ ཁོང་གཉིས་ ཧེང་བཀལ་ར་སེམས་དགའ་དྲག་སྟེ་ ཨ་ལོ་གི་མིང་ཡང་ གཅེས་མིང་སྦེ་ བང་རྔ་བཀྲ་ཤིས་ཟེར་བཏགས་ནུག། ཨ་ལོ་དེ་ ཉིནམ་གུར་ཞག་བཀལ། ཞག་གུར་ཟླཝ་བཀལ། ཟླཝ་གུར་ལོ་བཀལ་ཏེ་ རིམ་པ་བཞིན་དུ་སྦོམ་ཐལ་སོ་ནུག།

བང་རྔ་བཀྲ་ཤིས་དེ་ སྦོམ་ཐལ་ཏེ་ ཉིནམ་གཅིག་ གཡུས་ཚན་གཞན་གཅིག་ཁར་ བཤལ་སོང་སོངམ་མས། བཤལ་འགྱོ་བའི་ལམ་ཁར་ གསེར་གྱི་སྐུ་གཅིག་མཐོང་ནུག། བང་རྔ་བཀྲ་ཤིས་ཀྱི་སེམས་ཁར་ གསེར་གྱི་སྐུ་འདི་འཐུ་འབག་འགྱོ་བ་ཅིན་ ཨ་ཁེ་གི་ཁ་ཕོག་ནི་གི་ཉེན་ཁ་ཡང་འོང་མནོ་སྟེ་ དེ་སྦེ་ར་བཀོག་བཞག་སྦེ་ཡར་སོ་ནུག།

དེ་ཁ་ལས་ཕར་གཅིག་ཁར་ལྷོདཔ་ད་ མི་དག་པ་ཅིག་ གསེར་གྱི་སྐུ་བྱང་ད་ཡི་ཟེར་ འུར་འབྱེལ་འཐབ་སྡོད་ས་མཐོང་ནུག། བང་རྔ་བཀྲ་ཤིས་ཀྱིས་ མི་དེ་ཚུ་གི་སྦུག་ན་སོང་ཞིན་ན་ ཁྱེད་ཚུ་དེ་སྦེ་འུར་འབྱེལ་འཐབ་མི་དགོ་པས། ཁྱེད་ཀྱི་གསེར་གྱི་སྐུ་དེ་ ང་གིས་མཐོང་ཅི། ཟེར་སླབ་ནུག།

མི་དེ་ཚུ་སེམས་དགའ་དྲག་སྟེ་ ཀྲིག་ཀྲིག་ར་མས། བཀའ་དྲིན་ཆེ་ཡི། ཁྱེད་ལུ་མིག་ཆུ་ག་ཅི་དགོཔ་ཅིག་ ང་བཅས་ཀྱིས་བྱིན་གེ། གསེར་གྱི་སྐུ་དེ་ ང་བཅས་ལུ་ལོག་གནང་ད་ཟེར་སླབ་ད་ བང་རྔ་བཀྲ་ཤིས་ཀྱིས་ ང་ཕ་ལས་འོངམ་ད་ གསེར་གྱི་སྐུ་དེ་ ལམ་སྦུག་ན་ར་སྡོད་ནུག། ང་གིས་འཐུ་འབག་འོང་གེ་ཟེརཝ་ད་ ཨ་ཁེ་གི་ཁ་རེ་མི་ཕོག་ག་མནོ་ཏེ་ འཐུ་འབག་མ་འོང་ཟེར་སླབ་ལས་ མི་འདི་ཚུ་གི་སེམས་ཁར་ ཁོ་གིས་ཚོད་བལྟཝ་མས་མནོ་ཞིན་ན་ རྟས་ཐག་གིས་ཕྱེ་འཐག་འཐག་ར་དྲང་བྱིན་ནུག།


དེ་ལས་ བང་རྔ་བཀྲ་ཤིས་དེ་ སྔུ་ཡི་སྔུ་ཡི་ར་འགྱོཝ་ད་ ལམ་ཁར་ཨ་བ་སྐམ་ཅིག་མཐོང་ནུག། བང་རྔ་བཀྲ་ཤིས་ཀྱིས་ ཨ་བ་སྐམ་དེ་ འཐུ་སྟེ་ཧེམ་ཅུང་ནང་ བཙུགས་འབག་སོང་ནུག།

ད་རུང་ཕར་ཅིག་ཁར་ལྷོདཔ་ད་ མི་དག་པ་ཅིག་སྤུང་འཛོམས་འབད་སྡོད་ས་མཐོངམ་ལས་ བང་རྔ་བཀྲ་ཤིས་ཀྱིས་ ཁྱེད་ཆ་ཁྱབ་འུར་འབྱེལ་འཐབ་མི་དགོ་པས། ཁྱེད་ཀྱི་ཨ་བ་སྐམ་དེ་ ཨ་ཕ་ལམ་ཁར་འབུད་ཡར་སོ་ནུག། ང་གིས་འཐུ་འབག་འོང་ཡི་ཟེར་སླབ་སྟེ་ ཧེམ་ཅུང་ནང་ལས་ཨ་བ་སྐམ་བཏོན་ཏེ་ མི་དེ་ཚུ་ལུ་སྤྲོད་ནུག།

མི་ཚུ་གིས་ མི་དེ་ཚོད་བལྟ་མི་བལྟ་ཟེར་སླབ་སྟེ་ ད་རུང་ཡང་ རྟས་ཐག་གིས་ཕྱེ་འཐག་འཐག་ར་དྲང་བྱིན་ནུག།

བང་རྔ་བཀྲ་ཤིས་དེ་ ན་ཟུག་གིས་འདྲེགས་མ་ཚུགས་པའི་ཁར་ སེམས་སྐྱོ་སྟེ་འབད་ར་མ་ཚུགསཔ་ལས་ སྔུ་ཡི་ར་འགྱོཝ་ད་ དགའ་སྟོན་གྱི་རྟེན་འབྲེལ་བརྩི་ས་ཅིག་ནང་ལྷོད་ནུག། རོགས་དགའ་སྤྲོ་བཏོན་ས་མཐོངམ་ད་ ཧེང་བཀལ་ར་སེམས་སྐྱོ་འོངམ་ལས་ བང་རྔ་བཀྲ་ཤིས་ཀྱིས་ སྐད་ཟེརཝ་ཅིག་རྐྱབ་སྟེ་ སྔུ་ད་ནུག།

དེ་ཁར་ཡོད་མི་མི་ཚུ་གིས་ རོགས་དགའ་སྟོན་གྱི་རྟེན་འབྲེལ་བརྩི་ས་ཨིན། དེ་སྦེ་མ་སྔུ་ཟེར་ལྷུཝ་ད་ བང་རྔ་བཀྲ་ཤིས་དེ་ ཧེང་བཀལ་ར་སེམས་འཁྲུལ་འོང་ནི་འདི་གིས་ ད་རུང་ཧེང་བཀལ་ར་སྔུ་ད་ནུག། ཡུདཔ་ཅིག་ཁ་ལས་ དེ་ཁར་སྡོད་མི་ཚུ་ཡང་ ཙིགས་མོ་ལངས་ཏེ་འབད་ར་མ་ཚུགསཔ་ལས་ ད་རུང་ཡང་ ཕྱེ་འཐག་འཐག་ར་དྲང་སྦེ་ བདའ་བཏང་ནུག།

བང་རྔ་བཀྲ་ཤིས་དེ་ སྔུ་ཡི་སྔུ་ཡི་ར་འགྱོཝ་ད་ ད་རུང་མི་ལེ་ཤ་སྤུངས་འཛོམས་འབད་སྡོད་ས་ཅིག་ནང་ལྷོད་ནུག། ཁོ་གི་སེམས་ཁ་ལས་འབདན་ དེ་ཁ་ལས་ཕར་འགྱོཝ་ད་ སྔུ་ཡི་ར་འགྱོ་བ་ཅིན་ ད་རུང་རྟས་འཐག་དྲང་འོང་མནོ་སྟེ་ སྣ་ལོང་ལོང་བཏང་ ཞབས་ཁྲ་ཅིག་འཐེན་སྦེ་སོང་ནུག།

དེ་འབདཝ་ད་ དེ་ཁར་མི་སྤུངས་འཛོམས་འབད་མི་དེ་ མི་ཤི་མྱ་ངན་ཕོག་སྟེ་སྤུངས་འཛོམས་འབད་ཡོདཔ་ལས་ དེ་ཁའི་མི་ཤི་རྩ་བོ་ཙིགསཔ་ཟ་སྟེ་ ད་རུང་ཡང་རྟས་འཐག་གིས་ཕྱེ་འཐག་འཐག་ར་དྲང་བྱིན་ནུག།

བང་རྔ་བཀྲ་ཤིས་དེ་ དེ་ཚེ་ཉིནམ་གཅིག་ ག་ཏེ་སོང་རུང་ རྦོབ་བསྡུཝ་བསྡུ་སར་སྡོདཔ་ལས་ ཕྱི་རུ་ཁྱིམ་ནང་ལྷོད་ཞིནམ་ལས་ མནོ་བསམ་ཐེབས་གཅིག་ར་བཏང་དགོཔ་བྱུང་ནུག། དེ་སྦེ་མནོ་བསམ་བཏང་བལྟཝ་ད་ དེ་སྦེ་རྦོབ་བསྡུ་མི་དེ་ ཁོ་གི་མིང་བང་རྔ་བཀྲ་ཤིས་ཟེར་བཏགས་ནི་འདི་གིས་ཨིནམ་འདྲས་མནོ་བའི་ དོགས་པ་བསགས་ནུག།

དེ་འབདཝ་ལས་ ཁོ་གིས་ བླམ་ཅིག་འབད་སར་སོང་ཞིན་ན་ མིང་ཞུཝ་ད་ མིང་ བཀྲ་ཤིས་ཚེ་རིང་ཟེར་གནང་ནུག། དུས་དེ་ལས་ཚུར་ ཁོ་གི་མི་ཚེ་ནང་ བཀྲ་ཤིས་གཡང་ཆག་བྱུངམ་མ་ཚད་ ཚེ་རིང་ནད་མེད་སྦེ་ དགའ་སྐྱིད་ཕུན་སུམ་ཚོགས་ཏེ་ མི་ཚེ་མཐར་འཁྱོལ་ཚུགསཔ་བྱུང་ནུག།

སྒྱུ་མའི་གྲུམ་གདན།

ཧེ་མ་ བུ་བུ་ ཟེར་མི་ཨ་ལོ་ཅིག་ ཁྲོམ་ཁར་བཤལ་འགྱོཝ་ད་ གྲུམ་རྩེ་གདན་གྱི་ཚོང་ཁང་ཅིག་ནང་ ལྷོད་ནུག། གྲུམ་རྩེ་གདན་གྱི་ཚོང་ཁང་ནང་ གྱང་གུ་ལས་ཕར་ གྲུམ་རྩེ་གདན་ལྷམ་པ་མ་འདྲཝ་ལེ་ཤ་ དཔྱངས་བཞག་ཡོདཔ་ཨིན་མས། བུ་བུ་དེ་ གྲུམ་རྩེ་གདན་དེ་ཚུ་གི་མེ་ཏོག་ཚུ་ལུ་བལྟ་སྟེ་ གནམ་མེད་ས་མེད་ ལྟདམོ་ཆེ་ནུག།

མེ་ཏོག་ག་ནི་བ་འཇའ་བའི་གྲུམ་རྩེ་གདན་གཅིག་ ས་ཁར་ འཐིངས་བཞག་ཡོདཔ་ཨིན་མས། བུ་བུ་དེ་ ས་ཁར་འཐིངས་བཞག་མི་གྲུམ་རྩེ་གདན་གྱི་མེ་ཏོག་ཚུ་ལུ་ གནམ་མེད་ སེམས་ཤོར་ཆིཝ་ལས་ གྲུམ་རྩེ་གདན་དེ་གུ་སྡོད་ད་ནུག། བུ་བུ་རྩ་བར་སྡོདཔ་ཅིག་ གྲུམ་རྩེ་གདན་གྱིས་ “ང་སྒྱུ་མའི་གྲུམ་རྩེ་གདན་ཨིན། བུ་བུ་ཁྱོད་ ངེའི་གུ་ བྱོན་པ་ལེགས་སོ་ཡོད་” ཟེར་སླབ་སྦེ་ བར་སྣང་ཁམས་ལུ་ འཕུར་ཡར་སོ་ནུག།

བུ་བུ་དེ་ གནམ་མེད་ས་མེད་ སེམས་དགའ་དྲགས་ཏེ་སྡོད་པའི་བར་ན་ གྲུམ་རྩེ་གདན་གྱིས་ གནམ་ཐོག་ཁ་ལས་ འཕུར་སོང་ཞིན་ན་ ཚལ་མ་ཅིག་གི་སྦུག་ན་ བསྐྱལ་ད་ནུག། ཚལ་མ་དེ་ནང་ རླུང་འཚུབས་རྐྱབ། འབྲུག་ལྡིར། ཆརཔ་རྐྱབ། གློག་ཀེམ་རྐྱབ་འབདཝ་ལས་ བུ་བུ་གནམ་མེད་ས་མེད་འདྲོགས་ཆི་ནུག།

དེ་ལས་ གྲུམ་གདན་གྱིས་ དེ་ཁ་ལས་འཕུར་སོང་སྦེ་ གནམ་མེད་ས་མེད་ དྲོད་ཡོད་པའི་བྱེ་ཐང་ཅིག་ནང་ བསྐྱལ་ད་ནུག། བུ་བུ་ ཚདཔ་ཚིག་སྟེ་ གཟུགས་ག་ར་ཞུ་འགྱོ་ནི་བཟུམ་འབད་ནུག། མིག་ཏོ་ཕར་ཚུར་བལྟཝ་ད་ དེ་ཁར་ ཡོད་མི་ཙི་ཙི་དམརམོ་ཚུ་ཡང་ ཚདཔ་གིས་འདྲེགས་མ་ཚུགས་པར་ དབུགས་ར་ལྷེབ་ལྷེབ་སྦེ་སྡོད་ས་མཐོང་ནུག།

ད་རུང་གྲུམ་གདན་གྱིས་ དེ་ཁ་ལས་འཕུར་སོང་སྦེ་ འཛམ་གླིང་གི་ལྷོ་སྣེ་ལུ་བསྐྱལ་ད་ནུག། དེ་ཁར་ ས་ཆ་ག་ར་ཁཝ་གིས་གང་སྟེ་ཡོདཔ་མ་ཚད་ ཆུ་ཡང་ག་ར་ཁྱེགས་ཀྱིས་བསྡམས་ཏེ་ཡོདཔ་ཨིན་མས། བུ་བུ་ གྱང་པའི་ཤུགས་ཀྱིས་གཟུགས་འདར་གསིག་རྐྱབ་སྟེ་འདྲེགས་ར་མ་ཚུགསཔ་ལས་ ཁ་ལས་ ‘‘ཨ་ཆུ་ཆུ་ཆུ་’’ སླབ་སྦེ་ མིག་ཏོ་ཕར་ཚུར་བལྟཝ་ད་ དེ་ཁར་ཡོད་མི་ གངས་བྱ་ཚུ་ཡང་ གྱང་ཤུགས་རྐྱབ་སྡོད་ཡོདཔ་མཐོང་ནུག།

ད་རུང་གྲུམ་གདན་གྱིས་འཕུར་སོང་སྦེ་ གནམ་མེད་ས་མེད་ས་སྨུག་སྤུབས་ཏེ་ཡོད་པའི་ ས་ཆ་ཅིག་ནང་བསྐྱལ་ད་ནུག། བུ་བུ་གིས་ “དབའི་ ང་ག་ཏེ་ལྷོད་སོ་ཡི་ག་” ཟེར་སླབ་ད་ ས་སྨུག་ནང་ལས་ སྐད་སྦོམ་ཅིག་གིས་ དེ་སྦེ་སླབ་ནུག། “ཁྱོད་རི་ཁར་ལྷོད་སོ་ཡི། ཁྱོད་ཀྱིས་ང་མི་མཐོང་མས་ག།”

བུ་བུ་གིས་ ག་ཅི་ཨིན་ན་མནོ་ ལེགས་ཤོམ་སྦེ་བལྟཝ་ད་ ཁོ་གི་སྦོ་ལོགས་ཁར་ར་ སེང་གེ་སྦོམ་ཅིག་སྡོད་ཡོདཔ་མཐོང་ནུག། བུ་བུ་འདྲོགས་ཏེ་ “ཨ་ཛའི་ ང་ཁྱིམ་ནང་བསྐྱལ་གནང་” ཟེར་སླབ་སྦེ་ སྔུ་ད་ནུག། དེ་ལས་ སྒྱུ་མའི་གྲུམ་རྩེ་གདན་གྱིས་ འཕུར་སོང་སྦེ་ ལོག་སྟེ་ར་གྲུམ་རྩེ་གདན་གྱི་ཚོང་ཁང་ནང་བསྐྱལ་ནུག། གྲུབ་གདན་ས་ཁར་ཆགསཔ་ཅིག་ བུ་བུ་ གྲུམ་རྩེ་གདན་གུ་ལས་བབས་སྦེ་ ཁྱིམ་ནང་ཡར་སོ་ནུག།