སྨན་རི་དགོན་པའི་རྒྱབ་ཁུངས།


སྨན་རི་དགོན་པ་འདི་དུས་རབས་༡༥ པའི་ནང་ལུ་གྲུབ་དབང་རིན་ཆེན་ཆོས་རྡོར་གྱིས་ཕྱག་བཏབ་གནང་ནུག། གྲུབ་དབང་འདི་སྤ་རོ་ལས་རིགས་རུས་མཐོ་བའི་མི་ཚན་གཅིག་ལས་འཁྲུངས་ཡོདཔ་དང་། ཕྱག་རྫོགས་གཉིས་ཟུང་འཇུག་སྦེ་ཉམས་ལེན་གནང་མི་བླམ་གྲུབ་ཐོབ་ཅིག་ཨིན་མས། ལྷག་པར་དུ་ཡང་གཏེར་སྟོན་པདྨ་གླིང་པའི་ཞབས་སར་བཅར་ཏེ་ཟབ་ཆོས་རྫོགས་པ་ཆེན་པོ་ཉམས་ལེན་གནང་བཞུགསཔ་ད། གཏེར་སྟོན་གྱིས་མ་འོངས་པ་ནང་སློབ་མ་གཏེར་སྟོན་རྣམ་གཉིས་འབྱུང་ནི་ཨིན་པའི་ལུང་བསྟན་དང་བཅས། པད་གླིང་གཏེར་ཆོས་བླ་རྫོགས་ཐུགས་གསུམ་གྱི་ནང་ལས་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་འདུས་ཀྱི་ཆོས་བདག་སྦེ་མངའ་གསོལ་གནང་ཡོདཔ་ཨིན་མས།

འདི་གིས་འབད་ཞིནམ་ལས་གཏེར་སྟོན་པདྨ་གླིང་པའི་དཀྱིལ་འཁོར་འཛིན་པའི་བུ་བདུན་གྱི་ནང་གསེས། གཏེར་སྟོན་ཚེ་རིང་རྡོ་རྗེ་དང་། གཏེར་སྟོན་ངག་དབང་གྲགས་པ་གཉིས་ཀྱིས་ཡང་རྩ་བའི་བླམ་སྦེ་བསྟེན་ནུག། ལུང་བསྟན་ཀུན་གསལ་མེ་ལོང་ནང་ལས། གཏེར་སྟོན་བས་ཀྱང་གཏེར་སློབ་བཟང་༔ གཏེར་སློབ་བས་ཀྱང་ཡང་སློབ་བཟང་༔ ཟེར་གསུངས་དོ་བཟུམ་གྲུབ་དབང་འདི་གཏེར་སྟོན་རང་ལས་ལྷག་པའི་གཏེར་སློབ་དང། གོང་གི་གཏེར་སྟོན་རྣམ་གཉིས་འདི་གཏེར་སློབ་རང་ལས་ལྷག་པའི་ཡང་སློབ་ཨིནམ་སྦེ་བརྩིཝ་ཨིན་མས།

སྨན་རི་དགོན་པ་འདི་གི་མཚན་ལུ་སྨད་རི་དགོན་པ་དང་སྨན་རི་དགོན་པ་ཟེར་ཡིག་སྡེབས་མ་འདྲཝ་གཉིས་ཐོནམ་ཨིན་མས། ངག་རྒྱུན་ལྟར་འབད་བ་ཅིན་གྲུབ་དབང་རིན་ཆེན་ཆོས་རྡོར་གྱིས་སྨན་གྱི་སྒྲུབ་པ་གནང་ནི་འདི་གིས་སྨན་སྒྲུབ་དགོན་པ་ཟེར་སླབ་སྲོལ་བྱུང་ཡོདཔ་སྦེ་བཤདཔ་ཨིན་མས། ཨིན་རུང་ཁུངས་ལྡན་གྱི་ལོ་རྒྱུས་ཚུ་དང་འཁྲིལཝ་ད་དགོན་པ་འདི་སྒྲུབ་སྡེ་ཅིག་ཨིནམ་མ་ཚད་གྲུབ་དབང་མཆོག་ཡང་སྒྲུབ་པ་ལུ་བརྩོན་བཞུགས་མི་ཅིག་ཨིནམ་མ་གཏོགས་གྲོང་ཆོག་དང་དབང་བསྐུར་ཆོས་བཤད་སོགས་མཛད་ནི་ལུ་ཐུགས་མ་མཉེས་མི་ཅིག་ཨིན་མས། ག་དེ་སྦེ་ར་ཨིན་རུང་སྨན་རི་སྒྲུབ་སྡེ་འདི་ནང་ལུ་གྲུབ་དབང་ཁོ་རའི་སྐུ་ཐོག་ལུ་ར་སྒྲུབ་པ་ལུ་བརྩོན་མི་བརྒྱ་ལྷགཔ་སྦེ་བཞུགས་ཡོདཔ་མ་ཚད། གྲུབ་པ་ཐོབ་མི་ཡང་གཏེར་སྟོན་ཚེ་རིང་རྡོ་རྗེ་གིས་གཙོས་པའི་མིང་ཅན་དང་མིང་མེད་ལེ་ཤ་བྱུང་ནུག།

སྒྲུབ་སྡེ་འདི་ནང་གཏེར་སྟོན་པདྨ་གླིང་པའི་ཐུགས་སྲས་གྲགས་པ་རྒྱལ་མཚན་དང་ཟླ་བ་རྒྱལ་མཚན། གཏེར་སྟོན་མཆོག་ལྡན་མགོན་པོ་ཚུ་གིས་ཡང་ཞབས་ཀྱིས་བཅགས་གནང་ནུག། གཏེར་སྟོན་ཚེ་རིང་རྡོ་རྗེ་མཆོག་གྲུབ་དབང་རིན་པོ་ཆེའི་རྒྱལ་ཚབ་དང་ལྷག་པར་དུ་ཡང་སྨན་རི་སྒྲུབ་སྡེའི་རྡོ་རྗེ་སློབ་དཔོན་སྦེ་དབང་བསྐུར་ཏེ་སྨན་རི་སྒྲུབ་སྡེ་འདི་རྩིས་སྤྲོད་གནང་ཡོདཔ་ཨིན་རུང་། གཏེར་སྟོན་མཆོག་གིས་གདོང་དཀར་འོད་གསལ་རྩེ་མོ་ཕྱག་བཏབ་གནང་ཞིནམ་ལས་གྲུབ་དབང་དཔོན་སློབ་ག་ར་གདོང་དཀར་ལ་ལུ་གནས་སྤོ་མཛད་དེ་སྨན་རི་སྒྲུབ་སྡེ་འདི་ཚར་གཅིག་སྟོངམ་སྦེ་ལུས་སོ་ནུག།

གཏེར་སྟོན་ངག་དབང་གྲགས་པ་གྲུབ་དབང་རིན་པོ་ཆེའི་སྐུ་མདུན་ལྷོད་ཞིནམ་ལས། གྲུབ་དབང་རིན་པོ་ཆེ་མཆོག་གིས་བོད་མོ་རིའི་གདན་ས་བཏབ་སྦེ། བོད་མོ་རི་དང་སྨན་རི་སྒྲུབ་སྡེ་གཉིས། གཏེར་སྟོན་ངག་དབང་གྲགས་པ་ལུ་རྩིས་སྤྲོད་གནང་ནུག། གྲུབ་དབང་རིན་ཆེན་ཆོས་རྡོར་དགོངས་པ་རྫོགས་པའི་ཤུལ་ལས། ལྷོ་གླིང་ཁ་པའི་མི་སེར་ཚུ་གིས་ཡང་། སྨན་རི་སྒྲུབ་སྡེ་འདི་གཏེར་སྟོན་ངག་དབང་གྲགས་པ་ལུ་ཕུལ་ཏེ། དེ་ཁར་གཙུག་ལག་ཁང་ཅིག་བཞེངས་གནང་དགོ་པའི་ཞུ་བ་ཕུལཝ་ལས་བརྟེན། གཏེར་སྟོན་ངག་དབང་གྲགས་པ་མཆོག་གིས་གཙུག་ལག་ཁང་རྩ་བ་ལས་གསར་བཞེངས་མཛད་དེ། མཚན་ཟབ་དོན་ཆོས་གླིང་ཟེར་བཏགས་གནང་ནུག། གཙུག་ལག་ཁང་གསར་བཞེངས་གྲུབ་པའི་ཤུལ་ལས་ཡང་ཐུགས་སྲས་ཟླ་བ་དང་། གྲགས་རྒྱལ། གསང་བདག གཏེར་སྟོན་ཚེ་རིང་རྡོ་རྗེ་ཚུ་གིས་ཞབས་ཀྱིས་བཅགས་ཏེ། སྒྲུབ་པ་སྒྲུབ་ཆེན་བཙུགས་པ་ལ་སོགས་པའི་སྒོ་ལས་བྱིན་གྱིས་རླབས་གནང་ནུག།

གཙུག་ལག་ཁང་འདི་ལུ་ཉམས་ཆག་ཤོར་བའི་ལོ་རྒྱུས་དང་ཉམས་གསོ་ག་དེ་སྦེ་མཛད་མཛདཔ་ཨིན་ན་གི་ལོ་རྒྱུས་ཚུ་ག་ནི་ཡང་མེད་རུང་། སྔར་གྱི་ལྷ་ཁང་དེ་ཉམས་ཆག་ཤོར་སོངཔ་འོངམ་ཐག་ཆོད་པས། དེ་ཡང་ཧེ་མའི་ལྷ་ཁང་ནང་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས། གུ་རུ་རིན་པོ་ཆེའི་རྣམ་ཐར། ཀུན་མཁྱེན་དྲི་མེད་འོད་ཟེར་ལུ་སྙིང་ཏིག་བརྒྱུད་པའི་བླ་མས་སྐོར་བ། རྡོ་རྗེ་འཆང་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་བརྒྱུད་པས་སྐོར་བ། དྲུང་དྲུང་རིན་པོ་ཆེ་ལ་བརྒྱུད་པ་དྲུག་ལྡན་གྱི་བསྐོར་བ། རྩ་བའི་བླ་མ་ལ་ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་གྱི་བརྒྱུད་པས་སྐོར་བ། མགོན་པོ་ཚེ་དཔག་མེད་ལ་མཁའ་འགྲོ་སྙིང་ཏིག་ལུགས་ཀྱི་ཚེའི་བརྒྱུད་པས་སྐོར་བ། དཔལ་སྔགས་ཀྱི་བདག་མོ་ལ་དམ་ཅན་སྡེ་ལྔས་བསྐོར་ཏེ་ཡོད་པའི་ལྡེབས་རིས་ཚུ་བཞེངས་ཡོད་ལུགས་ལུ་བལྟ་བ་ཅིན་ཧེ་མ་ལྷ་ཁང་སྦོམ་ཅིག་ར་སྡོད་སྡོདཔ་འོང་ནི་མས། ད་ལྟོའི་ནང་ལུ་དེ་བཟུམ་གྱི་ལྡེབས་རིས་ཚུ་ག་ནི་ཡང་མཇལ་ནི་མིན་འདུག།

གོང་ལུ་བཀོད་དོ་བཟུམ་སྦེ་དགོན་གནས་འདི་གྲུབ་དབང་རིན་ཆེན་ཆོས་རྡོར་གྱི་གདན་ས་ཨིན་རུང་། གྲུབ་དབང་རིན་པོ་ཆེ་གིས་གཏེར་སྟོན་ངག་དབང་གྲགས་པ་ལུ་གནང་ཡོདཔ་མ་ཚད། ལྷོ་གླིང་ཁ་པའི་ཡོན་བདག་ཚུ་གིས་ཡང་ཁོ་ལུ་ཕུལཝ་བཞིན་དུ། ཁོ་གིས་ཡང་གཙུག་ལག་ཁང་གསར་བཞེངས་གནང་སྟེ་ཆོས་སྡེ་ཅིག་བཙུགས་གནང་ཡོདཔ་ཨིན་རུང་། ཁོ་གི་ཡང་སྲིད་གནས་ཕུ་སྤྲུལ་སྐུ་རིམ་བྱོན་ཚུ་གིས་བདག་འཛིན་ཅིག་མ་མཛདཔ་འོང་ནི་མས།

སྤྱི་ལོ་༢༠༠༩ ཚུན་ཚོད་ལུ་ལྷོ་གླིང་ཁ་པའི་མི་སེར་དམངས་ཀྱིས་སྦེ་བདག་འཛིན་འཐབ་སྡོད་ནུག། ཨིན་རུང་དེང་དུས་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ལྷོ་གླིང་ཁ་པའི་མི་སེར་ཚུ་ག་ར་ཡར་རྒྱས་ཀྱི་མཐུན་རྐྱེན་འཛོམས་སར་གནས་སྤོ་སོང་སྟེ་གཡུས་ཁར་སྡོད་མི་མེད་པ་ལུ་བརྟེན་ཏེ་ལྷ་ཁང་འདི་ལྟ་རྟོག་འབད་མི་མེད་པར་ཉམས་ཆག་ཤོར་བའི་ཚ་གྱང་གིས་ལྷོ་གླིང་ཁ་པའི་མི་སེར་དམངས་མོས་མཐུན་ཐོག་སྤྱི་ལོ་༢༠༠༩ ལུ་སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ཀུན་བཟང་པདྨ་རྣམ་རྒྱལ་ལུ་ཕུལ་ནུག། དུས་དེ་ལས་ཚུར་སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་གིས་སྒང་སྟེང་བཤད་གྲྭ་ནང་ལས་བསླབ་པ་མཐར་སོན་པའི་སློབ་དཔོན་རིན་ཆེན་རྣམ་གསུམ་གྱི་གྲངས་ལྡན་བཏང་གནང་སྟེ་ལྷ་ཁང་འདི་སྐྱབས་རྗེ་རིན་པོ་ཆེའི་ལམ་སྟོན་འོག་ལུ་སློབ་དཔོན་གསུམ་གྱིས་འཛིན་སྐྱོང་མཛད་གནངམ་ཨིན་མས།

སློབ་དཔོན་གསུམ་གྱིས་སྤྱིར་རྒྱལ་ཁབ་ཀྱི་ཆབ་འབངས་ཡོངས་དང་སྒོས་སུ་སྤར་ལུང་པའི་མི་མང་བདེ་ཐབས་ཀྱི་ཞབས་རིམ་དང་འདྲཝ་སྦེ་དྲོཔ་ཕྱི་རུའི་བསང་གསོལ་ལས་འགོ་བཙུགས་ཏེ་ལོ་ལྟར་གྱི་དུས་མཆོད་འབུམ་སྡེ་ཚུ་སྔར་སྲོལ་ལྟར་རྒྱུན་མ་ཉམས་པར་བཟུང་དོ་ཡོདཔ་ཨིན་མས།

ལྷ་ཁང་འདི་སྤ་རོ་ཤར་པ་ལས་གདོང་དཀར་ལ་འགྱོ་སའི་ལམ་བདའ་སྟེ་ཀི་ལོ་མི་ཏྲར་༡༠ དེ་ཅིག་འགྱོཝ་ད་ལྷོ་གླིང་ཁའི་གཡུས་ཚན་གྱི་ལྟག་ལུ་འཁོར་ལམ་གྱི་འོག་ལུ་ར་ཡོད། ལྷ་ཁང་འདི་ནང་ལུ་ཧེ་མ་གྲུབ་དབང་རིན་ཆེན་ཆོས་རྡོར་གྱིས་སྨན་བརྟུལ་གནང་གནངམ་གི་རྡོ་གཞོང་ཨིན་ཟེར་རྡོ་གཞོང་ལ་ཝང་གི་དབྱིབས་ཅན་ཅིག་འདུག། མི་ཚུ་གིས་འདི་གུ་ལས་སྔགས་མར་ཞུ་འབགཔ་ཨིན་མས། སྔགས་མར་འདི་གིས་ཀླུ་དང་གདོན་གྱིས་གདོན་ཏེ་ཐོན་པའི་རྨ་ཁ་ཚུ་དྲག་ཚུགསཔ་ཨིན་ཟེར་སླབ་སྲོལ་འདུག། ག་ལས་བསྐོར་རུང་ལྷ་ཁང་འདི་རྒྱ་དང་བོད་ག་ཏེ་ཡང་མ་བྱོན་པར་འབྲུག་ལས་ར་འཁྲུངས་ཏེ་འབྲུག་ལུ་ར་གྲུབ་པ་ཐོབ་པའི་བླམ་ཅིག་གིས་བཞེངས་གནང་གནངམ་ཨིནམ་མ་ཚད། འབྲུག་པའི་གཏེར་སྟོན་གཉིས་གཉིས་དེ་རེ་ལྷ་ཁང་འདི་ནང་ལས་བྱུང་ཡོདཔ་ལས། རྒྱལ་ཁབ་ནང་ལུ་དགོན་སྡེ་རྩ་ཆེ་ཤོས་ཅིག་ཨིན་མས༎

ངོ་དེབ་ཆ་རོགས་གཅིག་དང་མཚན་ཉིད་རིགས་པའི་ལམ་ལས་རྩོད་པ།


Yoesel K Chophel
རྡོ་རྗེ་རྒྱལ་མཚན་མཆོག་ལུ། ནཱ་གིས་ངོ་རྟགས་ཁག་མི་ཆེ། ཁྱད་ཆོས་ཁག་ཆེ་ཟེར་གསུངས་པའི་ཞུ་ལེན་དང་། ཁྱད་གཞི་དང་ཁྱད་ཆོས་གཉིས་ལས་ཁྱད་ཆོས་མེན་པར་ གཞན་ལས་ཁྱད་པར་འཕགས་པའི་ཆོས་ལུ་ཨིན་ཟེར་བའི་དོན་ལུ་དཔྱད་པ། དཔྱེ་ཨཱ་པལ་རྟགས་ཅན་གྱི་གློག་རིག་ལུ་བཞག་པར་དཔྱད་པ། ང་གི་བསམ་འཆར་བཀོད་པ་བཞི་ལས། ༡༽ དང་པའི་ཞུ་ལེན་ལུ། ངོ་རྟགས་ཁྱད་གཉིས་ཆ་ར་ཁག་ཆེཝ་ཨིན་ཟེར་ཞུ་གེ་ལགས། ང་བཅས་འབྲུག་པའི་བགོ་དང་དཀྱི་ར་གཉིསཔོ་ ངོ་རྟགས་ཙམ་མ་ཚད་ཁྱད་ཆོས་ཡང་ཨིན། ཁྱད་ཆོས་ལུ་ཡང་ཕྱི་ནང་གཉིས་ལས་ བགོ་དང་དཀྱི་ར་རྒྱན་ཆ་ཚུ་དང་པ་ཕྱིའི་ཁྱད་ཆོས་ཨིན། སྐད་རིགས་ཚུ་གཉིས་པ་ནང་གི་ཁྱད་ཆོས་ཨིན། འབྲུག་པའི་བགོ་དང་དཀྱི་ར་རྒྱན་ཆ་ཚུ་གིས་ ་གཞན་གྱི་རྒྱལ་ཁབ་ཀྱི་བགོ་དང་དཀྱི་ར་རྒྱན་ཆ་ཚུ་ལས་ཁྱད་པར་འཕགསཔ་ཨིན། ༢༽ ཁྱད་གཞི་དང་ཁད་ཆོས་གཉིས་ལས་ཁྱད་ཆོས་མེན་པར་གཞན་ལས་ཁྱད་པར་འཕགས་པའི་ཆོས་ལུ་ཨིན་ཟེར་བའི་དོན་ལུ་དཔྱད་པ་ནི། འདི་ཡང་ཁྱེད་ཀྱིས་ཀུན་སློང་དང་ཀུན་སྤྱོད་བཟངཔོ་གཉིས་ཁྱད་གཞི་དང་ ཁྱད་ཆོས་གཉིས་ལས་ཁྱད་ཆོས་མེན་ཟེར་གསུངས་མི་འདི་ ནཱ་གིས་ཐུགས་བསམ་མ་བཞེསཔ་མེན་ན་ལགས། ཀུན་སློང་དང་ཀུན་སྤྱོད་གཉིས་ཆ་ར་ ཁྱད་གཞི་གང་ཟག་ལུ་ལྡན་པའི་ཆོས་ཨིནམ་ལས་ ཁྱད་གཞི་དང་ཁྱད་ཆོས་གཉིས་ལས་ ཁྱད་ཆོས་ཨིན་ཟེར་ཞུ་གེ། མདོར་བསྡུས་བ་ཅིན་ ཁྱད་གཞི་ལུ་མ་བརྟེན་པའི་ཁྱད་ཆོས་དང་ ཁྱད་ཆོས་མེད་པའི་ཁྱད་གཞི་འདི་ ཤེས་བྱ་ནང་ལུ་མི་སྲིད་མེན་ན་ལགས། ༣༽ གསུམ་པ་དཔྱེ་ཨེ་པཱལ་རྟགས་ཀྱི་ཁྱད་ཆོས་ཡོད་མི་ལུ་ཨེ་པཱལ་གློག་རག་ཟེར་བའི་དོན་ལུ་དཔྱད་པ་ནི། ཁྱེད་ཀྱིས་ཨུ་པཱལ་གློག་རིག་གི་ངོ་རྟགས་སྦྱར་ཤོག་འདི་ ཨེ་པཱལ་གློག་རིག་མེན། ངོ་རྟགས་སྦྱར་ཤོག་འདི་བ་སྦྱར་མ་རུང་ དེ་གི་ཁྱད་ཆོས་ཚང་པ་ཅིན་ ཨེ་པཱལ་གློག་རིག་ཨིན་ཟེར་གསུངས་པའི་ཞུ་ལན་ལུ། ཨེ་པཱལ་གྱི་གློག་རིག་གི་ཁྱད་ཆོས་འདི་ག་བཟུམ་ཚང་དགོཔ་སྨོ??? ཨེ་པཱལ་དང་གློག་རིག་གི་ཁྱད་ཆོས་གང་རུང་ཚང་དགོཔ་སྨོ་ཡངན་ གཉིས་རའི་ཚང་དགོཔ་སྨོ??? ༡༽ ཨེ་པཱལ་གྱི་ཁྱད་ཚང་དགོཔ་སྨོ??? ༢༽ གློག་རིག་གི་ཁྱད་ཆོས་ཚང་དགོཔ་སྨོ??? ༣༽ གཉིས་ཆ་རའི་ཁྱད་ཆོས་ཚང་དགོཔ་སྨོ??? དང་པའི་ཁྱད་ཆོས་ཚང་པ་ཅིན་གློག་རིག་ཨེ་པཱལ་ཨིན་པར་ཁས་བླང་དགོ། གཉིས་པའི་ཁྱད་ཆོས་ཚང་པ་ཅིན་གློག་རིག་གེ་ར་ཨེ་པཱལ་གི་གློག་རིག་ཨིན་པར་ཁས་བླང་དགོ། གཉིས་རའི་ཁྱད་ཆོས་ཚང་དགོ་པ་ཅིན་ ཨེ་པཱལ་དང་གློག་རིག་གཉིས་ར་ཨིན་ཟེར་ཁས་བླང་དགོ། ༤༽ ང་གི་བསམ་འཆར་བཀོད་པ་ནི། ང་གིས་འབད་བ་ཅིན་ གློག་རིག་གོ་དང་པ་གསརཔ་བཟོ་ཚརཝ་ད་ལུ་བརྡ་སྦྱར་མཁན་གྱིས་ ཁོ་གི་འདོད་པ་ལྟར་དུ་ཨེ་པཱལ་རྟགས་ཅན་གྱི་གློག་རིག་དང་དེ་བཟུམ་སྦེ་ ཨེ་པཱལ་རྟགས་ཅན་གྱི་འགྲུལ་འཕྲིན་ཟེར་མིང་ བཏགས་བཞག་བཞགཔ་ལས་ རྗེས་མ་ཡང་དེ་འབད་ར་ཨེ་པཱལ་བརྟགས་ཅན་གྱི་གློག་རིག་དང་འགྲུལ་འཕྲིན་ཟེར་བཏགས་བཏགསཔ་ཨིན། ག་དེམ་ཅིག་སྦེ་ བརྡ་སྦྱར་མཁན་གྱིས་ གློག་རིག་གསརཔ་བཟོ་སྟེ་ མིང་གོ་དང་པ་རང་ ངང་ལ་དང་ཚལ་ལུ་གི་རྟགས་ཀྱི་སྦྱར་ཤོག་ སྦྱར་རུང་མ་སྦྱར་རུང་། ཁྱད་ཆོས་ལྡན་རུང་མ་ལྡན་རུང་ ངང་ལ་དང་ཚལ་ལུ་གི་རྟགས་ཟེར་ ཐ་སྙེད་གདགས་འོང་། ཨེ་པཱལ་ཟེར་མིང་བཏགས་ཙམ་གྱིས་ཆོས་དེ་གི་ཁྱད་ཆོས་ལྡན་མི་དགོ་ལགས། དཔྱེ་འདི་བཟུམ་སྦེ་ འབྲུག་པའི་ངོ་རྟགས་དང་ཁྱད་ཆོས་ལྡནམ་ཙམ་རྐྱངམ་ཅིག་གིས་འབྲུག་པའི་མི་ཨིན་མིན་དགོ། འབྲུག་པའི་མི་ཨིནམ་དང་མེནམ་འདི་ འབྲུག་པའི་མི་ཁུངས་དང་མི་རྩིས་ཡོད་མེད་ལུ་བལྟ་དགོ། གཞན་གྱི་རྒྲྱལ་ཁབ་ག་སྟེ་རང་སྡོད་རུང་ མི་ཁུངས་དང་མི་རྩིས་འབྲུག་ལུ་ཡོད་པ་ཅིན་འབྲུགཔ་ཨིན། འདི་བཟུམ་སྦེ་འབྲུག་ཁབ་རྒླ་ཁབ་ནང་ལུ་སྡོད་ བགོ་དང་དཀྱི་ར་རྒྱན་ཆ་ཚུ་གྱོན་ ཀུན་སློང་དང་ཀུན་སྤྱོད་ཡང་ཡ་རབ་མཛད་རུང་ མི་ཁུངས་དང་མི་རྩིས་ འབྲུག་མི་ཨིནམ་གོ་མི་ཆོད། འབྲུག་གི་ཐུན་མོང་མིན་པའི་བགོ་དང་དཀྱི་ར་ རྒྱན་ཆ་ཚུ་གྱོན་ཤེསཔ་དང་ཁ་སྐད་ཡི་གུ་ཚུ་སླབ་ཤེསཔ་འབྱི་ཤེསཔ་ཙམ་གྱིས་འབྲུག་མི་ཨིནམ་པའི་ངེས་པ་མེད་ལ་ འདི་ཚུ་མ་ཤེསཔ་ཙམ་གྱི་འབྲུག་མི་མེན་པའི་གྲངས་སུ་ཚུད་པའི་ངེས་པ་ཡང་མེད། དཔྱེ་སྦེ་བ་ཅིན་་འབྲུག་པའི་མི་ཁུངས་དང་མི་རྩིས་ནང་ལུ་ཚུད་རུང་ བགོ་དང་དཀྱི་ར་རྒྱན་ཆ་ཚུ་གྱོན་ན་དང་ བཏགས་མ་ཤེས་པའི་ཨ་ལོ་ ལོ་གཅིག་དང་གཉིས་ལངས་མི་བཟུམ་ལགས། དེ་བ་འདི་འབྲུག་པའི་བགོ་དང་དཀྱི་ར། འབྲུག་པའི་རྒྱན་ཆ་ཚུ་དང་། འབྲུག་ཁ་སྐད་ཡི་གུ་ཚུ། སྔོན་བྱོན་རྒྱལ་བ་གོང་མ་དང་བཀའ་དྲིན་ཅན་གྱི་ཕམ་ཚུ་གིས་སྲོལ་བཏད་བཟངཔོ་ཚུ་ ཕ་ཤི་བུ་དང་། གཡག་ཤི་ཀོ་ཟེར་དོ་བཟུམ་སྦེ་ ང་བཅས་ར་འབྲུག་མི་ཕོ་མོ་ཆུ་འབྲིང་ཆུང་གསུམ་ གེ་ར་གི་འགན་ཁག་ཨིནམ་ལས་ ཡ་གི་ངོ་རྟགས་དང་མ་གི་ཁྱདཆོས་ཟེར་ བྱེཝ་མ་མང་པར་ ང་འབྲུག་མ་ཉམས་པར་བདག་འཛིན་འབད་ནི་ལུ་བརྩོན་གེ་མེནན་ལགས།

Like · · Unfollow Post · Share · Yesterday at 03:09 via Mobile



2 people like this.


Yoesel K Chophel དག་ཆ་དང་ཚིག་ཆད་ལྷག་སོགས་ཤོར་མི་ལུ་ཀློག་པ་པོ་ཡོངས་ཀྱིས་ཐུགས་ཀྱི་བཟོད་པ་བཞེས་གནང་། ༡༽འབྱི་མེན་པར་འབྲི ༢༽ མི་རྩིས་འབྲུག་ལུ་མེད་པ་ཅིན་འབྲུག་མི་ཨིན་པའི་གོ་མི་ཆོད། ༣༽ ང་བཅས་འབྲུག་མི་གེ་ར་གིས་སྔར་སྲོལ་ལམལུགས་ཚུ་ མ་ཉམས་པར་བདག་འཛིན་འབད་གེ་མེན་ན་ལགས་ཟེརབྲིས་བྲིཝ་ཨིན། འདི་བཟུམ་གོང་ལུ་ལེ་ཤ་ར་ཆད་ནུག་ལགས། དགོངསམ་མ་འཁྲེལ། འགྲུལ་འཕྲིན་མོ་བཡིལ་ནང་ལས་འབྲིཝ་ད་ལུ་ཡི་གུ་ཆུང་དྲག་ནི་གིས་ཨ་ཙི་ཆད་ལྷག་ཤོར་མི་ལུ་བཟོད་པ་བཞེས་གནང་ལགས།
Yesterday at 03:39 via mobile · Edited · Like · 1


Sherub Gyeltshen ཁྱད་ཆོས་ངོ་རྟགས་གཉིས་ཀའི་གྲུབ་ལུགས་ཡང་།། རྒྱུ་རྐྱེན་མ་འཛོམས་རང་བཞིན་རང་དབང་མེད།། གཅིག་མེད་གཅིག་ཡོད་ཟེར་བ་གལ་སྲིད།། བསམ་པའི་ཡུལ་རྣམས་གཅིག་གིས་གཅིག་ལུ་རྟེན།། གྲུབ་པས་དེ་ལ་རྩོད་པ་ངེད་མ་མཇལ།། རྡོ་རྗེ་འོད་གསལ་གཉིས་ཀྱིས་མ་མཁྱེན་མིན།། ང་བཅས་མི་མང་ཡོངས་ལུ་བརྡ་སྟོན་པ།། ཕན་པའི་གཏམ་ཞིག་གླེང་བ་བཀྲིན་ཆེ།། འདི་བཟུམ་ཧེ་མའི་བྱང་ཆུབ་སེམས་དཔའ་རྣམས།། གཅིག་གིས་འདྲི་བའི་དཔེ་དང་ལེན་གསུངས་དཔེ།། མཛད་སྲོལ་འདི་ལྟར་སེམས་ཅན་ཡོངས་ལུ་སྟོན།། མ་གཏོགས་གཅིག་གིས་མཁྱེན་དང་མ་མཁྱེན་མིན།། འདི་ལྟའི་ཁྲབ་སྟོན་སྟོན་པ་སྡུག་བསྔལ་ལུ།། མི་བཟོད་བསེལ་བའི་ལམ་སྟོན་མཛད་པ་བཞིན།། གུས་པའི་སེམས་ལ་འདི་ལྟར་གོ་བྱུང་ལགས།།
Yesterday at 08:47 via mobile · Like


Dorji Gyeltshen སྤ་སྤ་སྤ་འོད་གསལ་ཀེ་གིས་མནོ་མནོཝ་ཅིག་བྲིས་ནུག་མས། བློ་བཅུད་བསྡུས་ཏེ་སླབ་མ་ཤེས་མི་ང་རྐྱངམ་གཅིག་ར་ཨིནམ་འོང་མནོ་སྡོད་པ་གིན་མེན་པས་པ་སྟེ། ཧ་ཧ་ཧ་། ག་ལས་བསྐོར་རུང་ཁྱེད་ཀྱིས་བྲིས་མི་ཚུ་ག་ར་ང་གིས་ལྷག་ཡང་མ་ཚུགས། ལྷག་དགོཔ་ཅིག་ཡང་མེདཔ་བཟུམ་ཅིག་འདུག། ཁྱོད་བཟུམ་སྦེ་ར་བློ་སླབ་པ་ཅིན་ སྤྱི་ལོ་༡༩༢༧ གྱི་ཕར་བཏབ་ཡོད་མི་འབྲུག་པའི་མི་ཚུ་ཆོས་ཅན། འབྲུག་པའི་མི་མ་ཡིན་པར་ཐལ། འབྲུག་པའི་མི་རྩིས་ནང་མེད་པའི་ཕྱིར། རྟགས་གྲུབ་སྟེ། དེ་བསྒང་མི་རྩིས་ཀྱི་ལམ་ལུགས་རང་གཞི་མ་གྲུབ་པའི་ཕྱིར་ཏེ་མི་རྩིས་ཀྱི་ལམ་ལུགས་འདི་སྤྱི་ལོ་༡༩༧༠ དོན་གྲངས་དེ་ཅིག་ཁར་རྐྱངམ་གཅིག་གཞི་བཙུགས་མཛད་པའི་ཕྱིར། །ཧ་ཧ་ཧ་
23 hours ago · Like · 1


Dorji Gyeltshen འདོད་ན་སྔར་གྱི་འབྲུག་པའི་སྡེ་སྲིད་ཚུ་ག་ར་འབྲུག་མི་མེན་པར་ཐལ་ལོ༎
23 hours ago · Like · 1


Yeshe Rigzin རྡོ་རྗེ་རྒྱལ་མཚན་གྱིས་རིག་པ་བཏང་ནུག་མས་ལགས། ལེགས་ཤོམ་འདུག་འཕྲོ་འཐུད་གནང་།
17 hours ago via mobile · Like


Yoesel K Chophel རྡོ་རྗེ་རྒྱལ་མཚན་མཆོག་ལུ། ལྟ་ངན་གཞོམ་ལ་རིག་པའི་དབང་ཕྱུག་ཆེ།། དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་སྤྲུལ་བ།། སྨྲ་མཁས་ལྕེ་བརྒྱ་མངའ་བའི་རྡོ་རྗེ་ཡིས།། རྟགས་སྦྱོར་གཞུ་མོས་འཕངས་པའི་རིག་པའི་མདས།། སྔ་བརྒོལ་ལྐུགས་པའི་ཁས་བླངས་འབེན་དུ་གཟུགས།། ལྔ་ལམ་ཡུན་རིང་སོང་པའི་སྐྱེ་བོ་རྣམས།། སོ་སོའི་འདོད་པ་འགྲུབ་ཕྱིར་ཆོས་ཅན་དུ།། བཟུང་སྟེ་ལྟར་སྣང་རྟགས་འཕེན་ཅུང་མ་མཛེས།། གལ་ཏེ་དེ་དུས་བཞུགས་པའི་མི་རྣམས་ནི།། ད་ལྟའང་ཡོད་ན་མི་རྩིས་ཅིས་མི་བཀོད།། ད་ལྟའི་འབྲུག་གི་ཁྲིམས་ལུགས་ཡིན་པའི་ཕྱིར།། འབྲུག་མི་བསྒྲུབ་བྱར་རྟགས་སུ་མི་རྩིས་དེ།། ཆོས་ཅན་ད་ལྟའི་དབང་དུ་བཀོད་པ་ལགས།། སྔོན་དུས་ཡུན་རིང་ཐལ་བར་བརླགས་པའི་མི།། ད་ལྟའི་ཆོས་ཅན་བཟུང་ལ་དགོས་པ་ཅི།། དེང་གི་འབྲུག་མི་་ཡིན་ན་མི་རྩིས་ཀྱང་།། འབྲུག་ཏུ་ཡོད་དགོས་ཞེས་པ་ངེད་དམ་བཅའ།། ཆོས་ཅན་དེ་རུ་བཟུང་ཏེ་རྟགས་གསལ་ཐོངས།། རྣམ་དག་མགོ་བཞིའི་ལན་འདེབས་བློ་སྤོབས་ཡོད།། ཁྱེད་ཀྱིས་འདོད་པའི་དོན་ལའང་རྟགས་དགོད་ན།། ཁྱད་ཆོས་ཀུན་སློང་ཀུན་སྤྱོད་བཟང་ལྡན་པའི།། བོད་ཀྱི་རྒན་པོ་འབྲུག་པ་ཡིན་པར་ཐལ།། ཁྱེད་ཀྱི་འདོད་པའི་ཁྱད་ཆོས་ཚང་བའི་ཕྱིར།། འདོད་ན་ཀུན་སློང་ཀུན་སྤྱོད་བཟང་ལྡན་རྣམས།། འབྲུག་མིར་ཁས་བླང་དེ་ལས་གཞན་ནི་ཅི།། འབྲུག་མི་ཡིན་ན་བཟང་པོས་ཁྱབ་པར་ཐལ།། འདོད་ན་དཔལ་ལྡན་འབྲུག་པའི་བཙོན་ཁང་དུ།། སྐུ་གསུང་ཐུགས་རྟེན་བརྐུས་པའི་རྣམ་སྨིན་གྱིས།། ཚེ་བཙོན་སྡོད་མཁན་ཡ་རབས་ཡིན་ནམ་ཅི།། ཡང་ན་སྐུ་མཚམས་གཅོད་དེ་བཞུགས་སམ་ཅི།། མིན་ན་འབྲུག་མི་མིན་པར་འདོད་དགོས་སོ།།
4 hours ago via mobile · Edited · Like · 1


Yeshe Rigzin སློབ་དཔོན་རྡོ་རྗེ་དཔལ་ལྡན་ཆོས་གྲགས་ཀྱི། །རྣམ་

སྤྲུལ་ཡིན་པ་མ་རྟོགས་མཐོལ་ལོ་བཤགས། །ད་རེས་

བརྗོད་བྱ་ཟབ་མོའི་རྩོད་གཞི་ལ། །འོད་གསལ་ཁོང་

གིས་རྣམ་དག་རིག་པ་ཡིས། །ལན་གྱི་རྣམ་འགྱུར་

ཅིར་ཡང་གནང་ཐུབ་ཀྱི། །སྤོབས་པ་ཡོད་ཅེས་ཞལ་

བཞེས་གནང་བ་ནི། །ཅི་འདྲའི་ངོ་མཚར་ཁོང་ཡང་

རྣམ་སྤྲུལ་ཞིག །བརྟན་བརྟན་ཡིན་པའི་ངེས་ཤེས་གློ་

བུར་ཤར། །སྐྱབས་སུ་མཆིའོ། །
4 hours ago via mobile · Like


Yoesel K Chophel ཧ་ཧ་ ཡཻས།
4 hours ago via mobile · Like


Dorji Gyeltshen འོ་ན་དེང་སང་མི་རྩིས་འཛགས་ལུས་ཤོར་བའི་འབྲུག་མི་ཆོས་ཅན། འབྲུག་མི་མ་ཡིན་པར་ཐལ། མི་རྩིས་མེད་པའི་ཕྱིར། །ཧ་ཧ་ཧ་
3 hours ago · Like


Dorji Gyeltshen ང་གིས་འབྲུག་པའི་མི་ལུ་གཞན་ལས་ཁྱད་པར་འཕགས་པའི་ཆོས་ཡ་རབས་ཀྱི་ཀུན་སློང་དང་ཀུན་སྤྱོད་ཡོད་དགོཔ་ཁག་ཆེ་ཟེརཝ་མ་གཏོགས་ཡ་རབས་ཀྱི་ཀུན་སློང་དང་ཀུན་སྤྱོད་ལྡན་པ་འབྲུག་པའི་མཚན་ཉིད་ཟེར་ནམ་ཡང་སླབ་སླབ་མེདཔ་ལས་ཕ་ལོགས་མ་ལུ་ཁས་བླངས་མེད་རུང་བཙན་དབང་གིས་དགག་པ་རྐྱབ་མི་མཚན་ཉིད་པ་དེ་མི་ཡ་མཚན་ཆེ་མི་ཆེ་སྨ།
3 hours ago · Like


Yoesel K Chophel གལ་སྲིད་མི་རྩིས་ནང་དུ་མེད་ན་འདོད་དོ།། མི་སྩིས་ནང་ཐོག་བཀོད་ཟིན་མཐར་འབྲུག་མིར་འགྱུར་བར་ཐེ་ཚོམ་མེད་དོ།།
3 hours ago via mobile · Like


Dorji Gyeltshen སློབ་དཔོན་ཡེ་ཤེས་རིག་འཛིན་ཞལ་སྔ་ནས། །ཁོ་བོ་སྤུ་མེད་པ་ཡི་ཕག་པ་ལ། །དཔལ་ལྡན་ཆོས་ཀྱི་གྲགས་པའི་རྣམ་སྤྲུལ་ཞེས། །ཟུར་ཟའི་ཚིག་གིས་བསྔགས་པ་བཀའ་དྲིན་ཆེ། །བདག་ལ་ཚད་མའི་ཤེས་ཡོན་མ་མཆིས་ཀྱང་། །ཚད་མའི་རིག་ལམ་སྦྱང་བའི་འདུན་པ་ཡོད། །དེ་ཕྱིར་ཁོ་བོས་རྟགས་སྦྱོར་བཀོད་པ་ལས། །ཚད་མ་ཤེས་ཁུལ་བྱས་མིན་དགོངས་མངའ་མཛོད། །
3 hours ago · Like


Dorji Gyeltshen འཁོར་གསུམ། མི་རྩིས་འཛགས་ལུས་ཤོར་བའི་འབྲུག་མི་ཚུ་ཆོས་ཅན། འབྲུག་མི་ཡིན་པར་ཐལ། རང་བཞིན་གྱིས་འབྲུག་པའི་མི་ཁུངས་ཡིན་པའི་ཕྱིར་ཏེ་དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོའི་ནང་དུ་ཞེས་གསུངས་པའི་ཕྱིར།
3 hours ago · Like


Dorji Gyeltshen ''A person, both of whose parents are citizens of Bhutan, shall be a natural born citizen of
Bhutan.'' from Constitutions of Bhutan
3 hours ago · Like


Dorji Gyeltshen ཧ་ཧ་ཧ་ཧ་
3 hours ago · Like


Yoesel K Chophel དཔལ་ལྡན་ཆོས་ཀྱི་གྲགས་པའི་སྐུ་སྐྱེས་ལ།། སྤྲུལ་ན་སྤུ་ཡོད་ཕག་པ་ཡིན་དགོས་ཐལ།། དུད་འགྲོ་སྤུ་ཡོད་ཕག་པ་དེ་རུ་འགྱུར།། གོང་དུ་གང་ཞུས་ཐམས་ཅད་སྐུ་རྩེད་ཡིན།།
3 hours ago via mobile · Like


Yoesel K Chophel སློབ་དཔོན་རྡོ་རྗེ་ལགས། གོང་དུ་ ༤༽ ང་ཡི་བསམ་བཀོད་པ་ལ་ཞེས་པའི་སྐབས་ཀྱི་ས་བཅད་ཀྱི་འཐད་དུ་གཟིགས་ན་མཁྱེན། འབྲུག་མི་ཡིན་མིན་འདི་འབྲུག་གི་མི་ཁུངས་དང་མི་རྕིས་ལ་བལྟ་དགོས་ཞེས་བཀོད་ཡོད་དེ་རུ་ལེགས་པར་གཟིགས་ཤིག་གུ།
2 hours ago via mobile · Edited · Like


Dorji Gyeltshen ལགས་སོ་ལགས། དགེ་བཤེས་མཚན་ཉིད་པ་ཆེན་པོ་ཚུ་དང་ང་བཅས་ཀྱིས་དོ་འགྲན་མི་ཚུགས། གོང་ལུ་ཞུ་དོ་བཟུམ་སྦེ་ཚད་མའི་རིགས་ལམ་ལུ་སྤྲོ་བ་ཡོད་ནི་འདི་གིས་ནཱ་སྦུ་ལས་ཡོན་ཏན་རེ་འཐོབ་ཚུགས་པའི་རེ་བ་གིས་དེ་སྦེ་ཞུ་ཞུཝ་མ་གཏོགས་འགྲན་ཟླ་འབད་འབདཝ་མེནམ་ལས་དགོངམ་ཁྲོས་མ་གནང་ཟེར་ཞུ་ནི་ལགས།
2 hours ago · Like


Yoesel K Chophel ཁྱེད་ཡང་ཧེ་མ་ལམ་འདི་ལས་བཙགས་ཏེ་གི་བྱོན་མི་ཨིནམ་ལས་དེ་སྦེ་དགོད་བྲ་ཞུ་ཡི།
2 hours ago via mobile · Edited · Like


འཁོར་བའི་ བུ་ཆུང་ འོད་གསལ། ཧ་ཧ་ཧ་ good bye for now. wil catch latter.
2 hours ago via mobile · Like


Dorji Gyeltshen ཨིན་ན་དེ་སྦེ་འབད་བ་ཅིན་འབྲུག་པའི་མི་ཁུངས་ཨིན་པ་ཅིན་མི་རྩིས་ཡོད་པས་ཁྱབ་པའི་དམ་བཅའ་འདི་ག་ཏེ་ལྷོད་ཅི་གོ་ལགས།
2 hours ago · Like


Dorji Gyeltshen ཧེ་མ་ང་ལམ་འདི་ལས་བཙར་སྡོད་པའི་སྐབས་གནས་སྟངས་འ་ནི་བཟུམ་ཅིག་ནང་ལྷོདཔ་ད་'རྩ་བའི་དམ་བཅའ་ཚར་'ཟེར་སླབ་དོ་ཡོད་པའི་དཔྱད་རིག་ཅིག་འདུག་སྦ་ཡ། ཧ་ཧ་ཧ་
2 hours ago · Like


Yoesel K Chophel ཁྱེད་རང་ཧེ་མའི་རྩོད་གཞི་ཆོས་རི་བོང་རྭ་དང་ཀ་བུམ་ཚུ་ཐུགས་ཁ་ལས་ཡལ་འདི་ང་གི་རྩ་བའི་དམ་བཅའ་ག་ཅི་ཨིན་ན་ར་མ་མཁྱེནམ་འདྲས་མེན་ན། ས་བཅད་༤༽ ང་གི་བསམ་འཆར་བཀོད་པ་ནི་ ཟེར་བའི་སྐབས་ལུ་ འབྲུག་མི་ཨིནམ་མེནམ་འདི་འབྲུག་པའི་མི་ཁུངས་དང་མི་རྩིས་ལུ་བལྟ་དགོ་ཟེར་ཁས་བླངས་མི་འདི་རྩ་བའི་དམ་བཅའ་ཨིན་པའི་དཔྱད་རི་བཏང་མས། ཁྱེད་ལམ་འདི་ལུ་བཞུགསཔ་ད་གི་རྩ་བའི་དམ་བཅའ་དང་ད་ལྟ་ང་གི་འདི་ཨ་ཙི་མ་འདྲཝ་སྦེ་འོང་ནི་མས་སྨོ། ང་གིས་ཚིགས་བཅད་ལུ་རྩ་བའི་དམ་བཅའི་ཟུར་གཉིས་ལས་གཅིག་མ་གཏོགས་མ་བྲིས་མི་འདི་ལུ་འཛོལ་བ་ཧ་ཙི་ཡོད་རུང་ ཤུགས་ལུ་གོ་བ་ལེན་རུང་མ་ཆོགཔ་ཅི་མིན་འདུག་མེན་ན།
about an hour ago via mobile · Like


Yoesel K Chophel ནཱ་གིས་ངོ་རྟགས་ཁག་མི་ཆེ། ཁྱད་ཆོས་འདི་ཁག་ཆེ་ཟེར་གསུངས་པའི་ཁྱད་ཆོས་འདི་གཞན་ལུ་མེད་པའི་ཀུན་སློང་དང་ཀུན་སྤྱོད་བཟང་པོ་དེ་ཨིན་ཟེར་ དཔྱེ་ཨེ་པཱལ་རྟགས་ཅན་གྱི་སྦྱར་ཤོག་མ་སྦྱར་རུང་ ཨེ་པཱལ་རྟགས་ཀྱི་ཁྱད་ཆོས་ཚང་པ་ཅིན་ ཨེ་པཱལ་གློག་རིག་ཨིན། དེ་བཞིན་དུ་བགོ་དང་དཀྱི་ར་གྱོན་རུང་མ་གྱོན་འབྲུག་པའི་ཁྱད་ཆོས་ཚང་པ་ཅིན་འབྲུགཔ་ར་ཨིན། བགོ་དང་དཀྱི་ར་འདི་གཞན་ལུ་ཡང་ཡོད། གཞན་ལུ་མེད་པའི་ཁྱད་ཆོས་ཀུན་སློང་ཀུན་སྤྱོད་བཟང་པོ་ལྡན་པ་ཅིན་འབྲུགཔ་ཨིན་ཟེར་ཁས་བླངས་ཀུན་གྱིས་གཟིགས་ས་ལུ་ཡོད་ལགས། ང་གིས་ནཱ་གིས་ཁས་མ་བླངས་པའི་མཚན་ཉིད་པའི་རྟགས་སྦྱོར་ཨིན་ན་མེན་ན་འདི་ལས་མཁྱེན་ཚུགསཔ་འོང་།
49 minutes ago via mobile · Edited · Like


Dorji Gyeltshen འབྲུགཔ་ཨིན་ན་མེན་ན་འདི་འབྲུག་མི་ཨིན་མེནམ་མི་རྩིས་ལུ་བལྟ་དགོཔ་འདི་ཁྱེད་ཀྱི་ཁས་བླངས་ཨིནམ་ད་ལུ་འབྲུག་མི་ཡིན་ན་མི་རྩིས་ཡོད་པས་ཁྱབ་པ་མེདཔ་འདི་ང་གིས་གོང་ལུ་རྩ་ཁྲིམས་ཆེན་མོའི་ལུང་དྲངས་ཏེ་གྲུབ་ཚར་ཡི་མེན་ན།
42 minutes ago · Like


Dorji Gyeltshen འབྲུགཔ་ཡིན་ན་མི་རྩིས་ཡོད་པས་ཁྱབ་པ་མེདཔ་ད་ལུ་ར་ཁྱེད་ཀྱི་རྩ་བའི་དམ་འབཅའ་འདི་བུད་སོང་ནུག་མེན་ན། ཧ་ཧ་ཧ་
41 minutes ago · Like


Yoesel K Chophel ཡངནི་ང་རང་འཛོལ་སོངཔ་འོང་དགོངམ་མ་འཁྲེལ་ལགས། ང་གི་དམིགས་ཡུལ་འདི་གཙོ་བོ་རང་རྫོང་ཁ་འབྲི་ནི་རེ་ཡར་རྒྱས་འགྱོ་འོང་མནོ་བའི་རེ་བ་བསྐྱེད་དེ་ནཱ་བུ་གཅིག་ཁར་བཅའ་མར་གཏོགས་གཏོགསཔ་ཨིན། ང་གིས་ནཱ་ལུ་ཤེས་འདི་ཞུཝ་མེན་དགོངམ་མ་འཁྲེལ་ཟེར་ཞུ་གེ་ལགས། ང་བཟུམ་མའི་འབྲུག་གི་ལམ་ལུགས་ག་ནི་ཡང་མ་ཤེས་པའི་མིག་ཞྭརཝ་གིས་ ཁྱེད་འབྲུག་གི་ལམ་ལུགས་ཇི་མ་ཇི་བཞིན་མཁྱེན་པའི་སྤྱན་ལྡན་ལུ་ཞུ་ལམ་སྟོན་འབདཝ་ཙ་ལས་མེན་ཟེར་ཞུ་གེ།
31 minutes ago via mobile · Edited · Like


Dorji Gyeltshen འབྲུག་པའི་ལམ་ལུགས་ཤེས་མ་ཤེས་ཀྱི་བློ་འདི་ཕར་བཞག་ཞིན་ན་ཁྱེད་རའི་དམ་བཅའ་འདི་བུད་ནུག་མ་བུད་ནུག་ག་གཟིགས་གནང་།
32 minutes ago · Like


Yoesel K Chophel ཁྱོད་ཀྱིས་རྩ་ཁྲིམས་ཆེན་མོའི་ལུང་མ་དྲངས་པའི་ཧེ་མ་ར་ང་གིས་འདོད་ཡོད་མེན་ན། ང་གིས་འདོད་མི་ལུ་ཡང་ཨུ་ཚུགས་བརྐྱབས་མི་བཀའ་དྲིན་ཆེ།
26 minutes ago via mobile · Like


Dorji Gyeltshen ལུང་མ་དྲངས་པའི་ཧེ་མ་ལས་ར་དམ་བཅའ་ཤོརཝ་སྦེ་ཁས་བླངས་དཔ་ཨིན་ན། ཧ་ཧ་ཧ་ཡང་ཅིན་རྩ་ཁྲིམས་ཆེན་མོའི་ལུང་གི་དགོངས་དོན་དེ་ཧ་མ་གོཝ་འདྲ་བས་མེན་ན། མ་པ་ཁག་མེད་སྟེ། ཆོས་པ་ཚུ་སྲིད་ཀྱི་ལྟག་ལས་འབད་ནི་འདི་གིས་རྩ་ཁྲིམས་ཆེན་མོའི་ལུང་གི་དགོངས་དོན་མཁྱེན་མ་ཚུགསཔ་འོང་།
19 minutes ago · Edited · Like


Dorji Gyeltshen འབྲུག་པའི་མི་ཁུངས་ལུ་དབྱེ་བ་ཅིན་རང་བཞིན་སྐྱེས་ལུང་ལས་བརྟེན་པའི་འབྲུག་མི་དང་། ཐོ་བཀོད་ལས་བརྟེན་པའི་འབྲུག་པའི་མི་ཁུངས་ཟེར་རྣམ་པ་གཉིས་ཡོད། རང་བཞིན་སྐྱེས་ལུང་ལས་བརྟེན་པའི་འབྲུག་པའི་མི་ཁུངས་ཟེར་མི་འདི་ཕ་མ་གཉིས་ཆ་ར་འབྲུག་པའི་མི་ཁུངས་ཨིན་པའི་ཁ་ལུ་སྐྱེས་ས་སྦོམ་ས་འབྲུག་ལུ་ཨིན་མི་ཚུ་ལུ་སླབ་ཨིན། དེ་འབདཝ་ལས་མི་རྩིས་འཛགས་ལུས་ཤོར་བའི་འབྲུག་མི་ཚུ་རང་བཞིན་གྱི་སྐྱེས་ལུང་ལས་བརྟེན་པའི་འབྲུག་མི་ཨིན། དེ་འབདཝ་ད་རང་བཞིན་གྱིས་སྐྱེས་ལུང་ལས་བརྟེན་པའི་འབྲུག་མི་འདི་འབྲུག་མི་མེནམ་འགྱོ་བའི་དུས་ཚོད་ཅིག་ཡང་ཡོད། འདི་ནམ་འགྱོཝ་སྨོ་ཟེར་བ་ཅིན་ཁོ་མོ་གིས་འབྲུག་པའི་མི་ཁུངས་ལས་ཕྱིར་ཐོན་འབད་བའམ་མི་ཁུངས་གཞན་གྱི་ཁོངས་སུ་ཐོ་བཀོད་འབད་བ་ལ་སོགས་པ་འབད་བ་ཅིན་འབྲུག་པའི་མི་ཁུངས་ལས་ཆ་མེད་འགྱོཝ་ཨིན། ད་ཨ་ཙི་ཅིག་ཧ་གོ་ཡི་ག་ལགས།
20 minutes ago · Like


Dorji Gyeltshen ཁྱེད་ཀྱིས་འབྲུག་མི་ཨིན་ན་མེན་ན་འབྲུག་པའི་མི་ཁུངས་དང་མི་རྩིས་ལུ་བལྟ་དགོ་ཟེར་མི་འདི་ག་ཅི་སླབ་པའི་བློ་སྨོ། འབྲུག་མི་ཨིན་ན་མེན་ན་འདི་འབྲུག་མི་ཨིན་ན་མེན་ན་ལུ་བལྟ་དགོ་ཟེར་ཨིན་ན། འབྲུག་པའི་མི་ཁུངས་དང་འབྲུག་མི་གཉིས་ལུ་ཁྱད་པར་ག་ཅི་ཡོདཔ་སྨོ། དེ་མི་དགོད་བྲ་མི་བྲ།
17 minutes ago · Like


Phuntsho Wangyel ང་ཡང་ རང་བཞིན་སྐྱེས་ལུང་ལས་བརྟེན་པའི་འབྲུག་མི་ཨིན་ལགས།
13 minutes ago · Like


Dorji Gyeltshen ད་རུང་མི་རྩིས་འཛགས་ལུས་ཤོར་བ་ཟེར་མི་འདི་ཧ་མ་གོ་བ་ཅིན། ཕམ་གཉིས་ཆ་ར་མི་རྩིས་ཡོད་རུང་ཨ་ལོ་ཚུ་མི་རྩིས་ནང་བཙུགས་མ་ཚུགས་པར་ལུས་སོང་མི་འདི་ལུ་སླབ་ཨིན། ཨ་ནི་བཟུམ་གྱི་ཨ་ལོ་ཚུ་འབྲུག་པའི་མི་ཁུངས་རྣམ་པ་གཉིས་ཡོད་པའི་གྲལ་ལས་རང་བཞིན་གྱི་སྐྱེས་ལུང་ལས་བརྟེན་པའི་འབྲུག་པའི་མི་ཁུངས་ཨིནམ་སྦེ་རྩ་ཁྲིམས་ཆེན་མོ་ནང་ཁ་གསལ་སྦེ་བཀོད་བཞག་ནུག། འདི་ཁྱེད་ཀྱིས་ཡང་ཁས་བླངམ་ཨིན་ཟེར་བ་ཅིན་མི་རྩིས་མེད་ན་འབྲུག་མི་མེན་པས་ཁྱབ་ཟེར་བའི་དམ་བཅའ་འདི་རང་བཞིན་གྱིས་ར་བུད་སོང་ནུག་མེན་ན།
13 minutes ago · Like


Phuntsho Wangyel འབྲུག་མི་ལ་ལུ་ མི་རྩིས་ནང་ལས་འཛགས་ལུས་ཤོར་དོ་བཟུམ་སྦེ་ བློན་པོ་ལ་ལུ་ཅིག་ བློན་པོའི་གོ་གནས་ལས་ འཛགས་འགྱོ་ནིའི་ཉེན་ཁག་འོང་ནི་མས་སྨོ་ལགས།
9 minutes ago · Like

རྫོང་ཁའི་དག་ཡིག

༼ཁ༽

ལྷ་པ་འོག་གི་ཁ་དང་ནི། །གནམ་ཁ་ས་ཁ་སྦོ་ལོགས་ཁ། །མིང་མཐའི་ཁ་ཚུ་ཁ་རྐྱང་ཨིན། །ཁ་ཟས་ལག་ཟས་ཁ་འདི་དང་། །ཁ་དོག་ཁ་ཡང་ཁ་རྐྱང་ཨིན། །འགན་ཁག་ལཱ་ཁག་ཁག་བླངས་ལུ། །རྗེས་འཇུག་ག་ཅིག་འབྲི་དགོཔ་ཨིན། །ལྷ་ཁང་མགོན་ཁང་ཁང་འདི་ལུ། །རྗེས་འཇུག་ང་ཅིག་འབྲི་དགོཔ་ཨིན། །བླམ་མཁནཔོ་རྫམ་མཁནཔོ་ཆུ་རགས་མཁནཔོ། །མའུ་མཁན་ཨིནམ་སེམས་ཁར་བཞག །མངོན་ཤེས་མཁྱེན་ལུ་ཡ་བཏགས་དང་། །འགྲེང་བོ་འབྲི་དགོཔ་སེམས་ཁར་བཞག །འཁན་པ་ཤིང་འདི་འའུ་འཁན་ཨིན། །མཁལ་རྡོ་མཁལ་འདི་མ་མཁལ་ཨིན། །ཐགཔ་དང་སྐུདཔ་ཚུ་འཁལ་ནི་འདི། །འའུ་འཁལ་ཨིནམ་སེམས་ཁར་ངེས། །ཁས་བླངས་ཁས་ལེན་ཁས་རྐྱང་དང་། །ཡོན་ཏན་མཁས་པ་མ་མཁས་ཨིན། །བཟང་ངན་ཁྱད་པར་ཁྱད་རྐྱང་དང་། །ང་དང་ཁྱོད་ལུ་ན་རོ་ཡོད། །མང་ཚིག་དོན་ལུ་འགྲེང་བོ་བྲིས། །ནམ་མཁའི་ནམ་ལུ་གས་འཕུལ་མེདན། །མཁའ་འདི་མའུ་མཁའ་འབྲི་དགོཔ་ཨིན། །སྒལ་པ་འབག་ནི་ཁུར་ཆ་དང་། །ཁུར་ལེ་ཀེབ་ཏང་ཁུར་རྐྱང་ཨིན། །གདོང་གི་མཁུར་ཏོ་མ་མཁུར་ཨིན། །མཁྲིས་ནད་མཁྲིས་པ་མ་མཁྲིས་ཨིན། །བུ་ལོན་འཁྲི་ནི་འ་འཁྲི་ཨིན། །ཁྲིམས་དང་འཁྲིལ་བའི་འཁྲིལ་འདི་ལུ། །རྗེས་འཇུག་ལ་ཅིག་འབྲི་དགོཔ་ཨིན། །སྡོད་ཁྲིའི་ཁྲི་འདི་ཁྲི་རྐྱང་ཨིན། །ཁྲུང་ཁྲུང་སྐེ་ནག་ཁྲུང་རྐྱང་ཨིན། །བླ་མ་འཁྲུངས་ནི་འའུ་འཁྲུངས་ཨིན། །རྫོང་གི་མཁར་འདི་མའུ་མཁར་ཨིན། །ཕྱག་འཁར་འཁར་འདི་འའུ་འཁར་ཨིན། །ཁྲོ་བོ་ཁྲོ་མོ་ཁྲོ་རྐྱང་ཨིན། །དེ་ལུ་རྗེས་འཇུག་མ་ཅིག་བཀལན། །ཐིམ་ཕུ་ཁྲོམ་ཁར་ཟེར་དོ་བཟུམ། །མི་ཁྲོམ་འཛོམས་སར་གོ་ནི་ཨིན། །ད་རེས་མི་ཁྲོམ་འཛོམས་ས་ལུ། །ཁྲོམ་བཤལ་རྐྱབ་པར་ཡར་སོ་གེ །

སྒང་སྟེང་གསང་སྔགས་ཆོས་གླིང་གཙུག་ལག་ཁང་གི་ལོ་རྒྱུས།

དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་འདི་ གཏེར་སྟོན་པདྨ་གླིང་པའི་ཞལ་སློབ་ རྟོགས་པ་རང་དང་མཉམ་པ་ འདུལ་འཛིན་དམ་པ་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་གྱི་སྐུ་སྐྱེས་ པདྨ་གླིང་པའི་གདུང་འཛིན་ཐུགས་སྲས་ཟླ་བ་རྒྱལ་མཚན་གྱི་སྲས་སྦེ་འཁྲུངས་མི་ སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་གིས་ སྔོན་བྱོན་རྒྱལ་བ་གོང་མའི་ལུང་བསྟན་དང་འཁྲིལ་ཏེ་ ཕྱག་བཏབ་གནང་གནངམ་ཨིན་མས། 
 དེ་ཡང་ གཏེར་སྟོན་གྱི་རྒྱལ་པོ་རིག་འཛིན་པདྨ་གླིང་པ་མཆོག་ ཕོབ་སྦྱིས་ཁ་ལུ་བྱོན་པའི་དུས་སྐབས་ཅིག་ལུ་ གཡུས་གསར་ལས་ཞལ་ཡར་བསྒོར་ཞིན་ན་ ད་ལྟོ་ལྷ་ཁང་ཡོད་ས་ཁ་ཐུག་ཕྱག་མཛུབས་དཔགས་སྦེ་ ''མ་འོངས་པ་ནང་ཨ་ཡི་སྒང་ཏོག་གུ་ལས་ ངེའི་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་འོང་'' ཟེར་ལུང་བསྟན་གནང་ཡོདཔ་ཨིན་མས། དེ་བཟུམ་སྦེ་ པདྨ་གླིང་པའི་སྤྲུལ་སྐུ་ གསུང་སྤྲུལ་རྒྱལ་དབང་བསྟན་འཛིན་གྲགས་པ་མཆོག་གིས་ཡང་ ས་གནས་དེ་ཁར་མཚམས་ཁང་ཆུང་ཀུ་ཅིག་རྐྱབ་སྟེ་སྐུ་མཚམས་གནང་བཞུགས་པའི་ཤུལ་ལུ་ མཚམས་ཁང་དེ་རྒྱལ་སྲས་སྤྲུལ་སྐུ་ལུ་རྩིས་སྤྲོད་གནངམ་དང་གཅིག་ཁར་ ''ཁྱོད་ཀྱིས་ས་གནས་འདི་ཁར་གདན་ས་བཅགས་ཏེ་ པདྨ་གླིང་པའི་རྣམ་ཐར་གསོལ་འདེབས་ཁ་ཐུན་སྦེ་གཏང་མི་ཡོདཔ་ཅིག་བཟོ་སྨ་རེད། ཤུལ་ལས་ས་གནས་དེ་ཁ་ལས་ པད་གླིང་གི་བསྟན་པ་དར་ཞིང་རྒྱས་ནི་གི་རྟེན་འབྲེལ་ཡོད་'' ཟེར་བའི་ལུང་བསྟན་གསུངས་ནུག། 
ལུང་བསྟན་དེ་ལུ་བརྟེན་ཏེ་གིས་སྦེ་ གདུང་འཛིན་སྤྲུལ་སྐུ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་གིས་ ཧེ་མ་ར་སྤྱི་ལོ་ ༡༥༩༥ ལུ་ ད་ལྟོ་ལྷ་ཁང་ཡོད་སའི་ས་ཁོངས་ནང་ བོད་ལུགས་ཀྱི་བཟོ་བཀོད་ཐོག་ལས་ ལྷ་ཁང་ཆུང་ཀུ་ཅིག་བཞེངས་གནང་ནུག དེ་ལས་སྤྱི་ལོ་ ༡༦༡༣ རབ་བྱུང་ ༡༠ པའི་གནམ་ལོ་ཆུ་མོ་གླང་ལོ་ལུ་ ལྷ་ཁང་དེ་རྩ་བ་ལས་ར་བཤུགས་ཏེ་ རྒྱལ་སྲས་རིན་པོ་ཆེ་དང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་རྣམ་གཉིས་ཀྱིས་ ལོག་སྟེ་ར་ས་བསླངས་དང་རྨང་བཏིང་གི་རྟེན་འབྲེལ་མཛད་ཐོག་ལས་ གཙུག་ལག་ཁང་ཐོག་གསུམ་འབད་མི་ཅིག་བཞེངས་ཏེ་ མཚན་ཡང་སྒང་སྟེང་གསང་སྔགས་ཆོས་གླིང་ཟེར་བཏགས་གནང་ནུག འདི་གི་སྐབས་ལུ་ ཤིང་བཟོ་དང་སྐུ་རྟེན་བཞེངས་ནི་གི་ཕྱག་ལས་གནང་མི་ཡང་ གནས་རྙིང་རྗེ་བཙུན་དང་ལྕགས་ཟམ་པ་ལ་སོགས་པ་ སྐྱེས་ཆེན་དམ་པ་ཚུ་གིས་མཛད་གནང་ཡོདཔ་ཨིན་མས། 
ཨིན་རུང་ ལྷ་ཁང་དེ་ ནར་ནར་སྦེ་ཡོད་ནི་དེ་གིས་ སྤྱི་ལོ་༡༧༠༣ ལུ་ རྒྱལ་སྲས་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བསྟན་འཛིན་ལེགས་པའི་དོན་གྲུབ་རིན་པོ་ཆེ་མཆོག་གིས་ གཙུག་ལག་ཁང་གི་གཡས་གཡོན་གྱི་གློ་འབུར་གཉིས་དང་ ཀ་སྤུངས་གསར་བཞེངས་གནང་སྟེ་ ཧེ་མ་འདུ་ཁང་ཀ་ཆེན་བཅུ་བཞི་གི་རྒྱ་ཚད་་ཨིན་མི་ལས་ ཀ་ཆེན་བཅོ་བརྒྱད་ལུ་རྒྱ་བསྐྱེད་མཛད་དེ་ གྲུ་བཞི་ཏག་ཏ་སྦེ་བཞེངས་གནང་ནུག དེ་གི་ཤུལ་ལས་ ད་རེས་ཚུན་ཚོད་ཀྱི་བར་ན་ ཉམས་གསོ་ལན་ཐེངས་༣ ཞུ་ཡོད་རུང་ བཟོ་བཀོད་དང་སྦོམ་ཆུང་ཚུ་ འགྱུར་བཅོས་ཆུང་ཀུ་ཅིག་ར་མ་བཏང་པར་ སྔར་ག་ཨིནམ་སྦེ་ར་བཞེངས་གནང་ཡོདཔ་ཨིན་མས།  དེ་ཡང་དང་པ་ར་སྤྱི་ལོ་༡༧༢༡ ལུ་ བསྟན་འཛིན་རིན་པོ་ཆེ་ལེགས་པའི་དོན་གྲུབ་ཀྱི་སྐུ་ཐོག་ལུ་ར་ ས་གཡོམ་གྱི་རྐྱེན་ངན་བྱུང་སྟེ་ཉམས་གསོ་ཞུ་དགོཔ་བྱུང་ནུག དེ་གི་ཤུལ་ལས་ སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་བྱེད་ཀྱི་སྐབས་ལུ་ཡང་ཚར་གཅིག་ ས་གཡོམ་གྱི་རྐྱེན་ངན་གྱིས་སྦེ་ཉམས་གསོ་ཞུ་དགོཔ་བྱུང་ནུག དེ་ལས་ ད་ལྟོ་ཁྲི་ཐོག་བཞུགས་མི་སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གིས་ སྤྱི་ལོ་༢༠༠༠ ལས་ཉམས་གསོ་ཞུ་ནི་འགོ་བཙུགས་ཏེ་ ༢༠༠༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་རྒྱལ་རབས་ལྔ་པའི་གསེར་ཁྲིར་མངའ་གསོལ་ཞུ་བའི་དུས་སྟོན་དང་བསྟུན་ རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་ བཀྲ་ཤིས་རབ་གནས་ཀྱི་དགའ་སྟོན་རྟེན་འབྲེལ་ མཛད་གནང་ཡོདཔ་ཨིན།
ལྷ་ཁང་དང་རྟེན་གྱི་ངོ་སྤྲོད་མདོར་བསྡུས།
སྒང་སྟེང་གསང་སྔགས་ཆོས་གླིང་གི་གཙུག་ལག་ཁང་འདི་ ཕྱི་ལྟར་དུ་འབད་བ་ཅིན་ བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་ཀྱི་དཀྱིལ་འཁོར་གྱི་ཚུལ་དང་། ནང་ལྟར་དུ་འབད་བ་ཅིན་ རྫོགས་པ་ཨ་ནུ་ཡོ་གའི་ལུགས་ཀྱི་ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གྱི་ཚུལ། གསང་བ་ལྟར་དུ་འབད་བ་ཅིན་ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལུགས་ཀྱི་ ལྷུན་གྲུབ་རང་གསལ་གྱི་དཀྱིལ་འཁོར་གྱི་ཚུལ་དུ་ཡོདཔ་ཨིན་མས། དེ་ལྟ་བུའི་གཙུག་ལག་ཁང་གི་འོག་ཐོག་འདུ་ཁང་ཆེན་མོའི་ནང་ ནང་རྟེན་གཙོ་བོ་སངས་རྒྱས་རབས་བདུན་དང་ དེའི་མཐའ་འཁོར་ལུ་ ཉེ་བའི་སྲས་བརྒྱད། གཡས་དང་གཡོན་ལུ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ། དེ་ཚུ་གི་གདོང་ཁར་ སྡིག་བཤགས་ཀྱི་མཆོད་རྟེན་བཅས་བཞུགས་ཡོདཔ་ཨིན། 
དེ་ལས་ཐོག་དང་པའི་ནང་ལུ་ སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཅུང་ གཟིམ་ཅུང་ཀ་གཉིས་མ་ཟེར་ཞུ་མི་དེ་ནང་ ནང་རྟེན་གཙོ་བོ་ གུ་རུ་མཚན་བརྒྱད་ཀྱི་སྐུ་རྟེན་དང་ སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་སྒེར་གྱི་གསུང་རྟེན་ཚུ་ཡོད། གཟིམ་ཅུང་དེ་གི་གཡོན་ཁ་ཐུག་ལས་ཚུར་དང་པ་ར་ པད་གླིང་གུ་རུ་དྲག་པོའི་ཆོས་སྲུང་ཕ་མ་བུ་གསུམ་གྱི་མགོན་ཁང་ཡོད། དེ་གི་ཚུར་ཁ་ཐུག་ པད་གླིང་མགོན་པོ་སྡེ་བརྒྱད་ཀྱི་མགོན་ཁང་ མགོན་ཁང་ཆེན་མོ་ཟེར་ཞུ་མི་དེ་ནང་ ནང་རྟེན་གཙོ་བོ་ པད་གླིང་ཆོས་སྐྱོང་མགོན་པོ་སྡེ་བརྒྱད་ཀྱི་སྐུ་རྟེན་དང་ རྟེན་མདོས་ཚུ་བཞུགས་ཏེ་ཡོད། དེ་གི་ཚུར་ཁ་ཐུག་ ཕྱག་མཛོད་ལྷ་ཁང་ནང་ ནང་རྟེན་གཙོ་བོ་རྣམ་སྲས་ཕོ་བྲང་ཡོད། དེ་ལས་མཐའ་མ་མཐའ་ར་ ཙིའུ་དམར་དང་ ལྷ་ཆེན་དབང་ཕྱུག་གི་མགོན་ཁང་བཅས་ཡོདཔ་ཨིན། 
ཐོག་གཉིས་པའི་ནང་ལུ་ དང་པ་ར་ གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་ཡོདཔ་ད་ དེ་ནང་ལུ་ནང་རྟེན་གཙོ་བོ་གནས་ཕུ་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ ཞབས་དྲུང་གསང་སྔགས་རྒྱལ་མཚན་གྱིས་བཞེངས་པའི་ གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་དང་ པདྨ་གླིང་པ་གིས་དག་སྣང་ལུ་གཟིགས་པའི་ཟངས་མདོག་དཔལ་རི་གི་སྣང་བརྙན་ཚུ་ཡོད། ལྷ་ཁང་དེ་གི་ནང་ལས་གཡས་ཁ་ཐུག་ལུ་ཡོད་མི་ གཟིམ་ཅུང་ཤར་རིམ་ནང་ སངས་རྒྱས་རབས་བདུན་གྱི་སྐུ་འདྲ་དང་ རྒྱལ་བའི་བཀའ་འགྱུར་ཆེན་མོ་བཞུགས་ཏེ་ཡོད། གཡོན་ཁ་ཐུག་ལུ་ཡོད་པའི་གཟིམ་ཅུང་ནུབ་རི་མ་ནང་ པད་གླིང་ཡབ་སྲས་གསུམ་གྱི་སྐུ་འདྲ་དང་གསུང་རྟེན་འཐོར་བུ་ཚུ་ཡོད། དེ་ལས་མཚན་བརྒྱད་ལྷ་ཁང་དེ་གི་ གཡོན་ཁ་ཐུག་ལུ་ ཚེ་དཔག་མེད་ཀྱི་ལྷ་ཁང་ཡོད་མི་དེ་ནང་ ནང་རྟེན་གཙོ་བོ་པད་གླིང་ལུགས་ཀྱི་ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་དང་ ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་སྐུ་རྟེན་དང་ལྡེབས་རིས་ དེ་ལས་སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བསྟན་པའི་ཉིན་བྱེད་ཀྱི་སྐུ་འདྲ་ཚུ་ཡོད། དེ་ལས་མ་ཆེན་ལྷ་ཁང་ནང་ལུ་ ནང་རྟེན་གཙོ་བོ་ སྒང་སྟེང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བསྟན་པའི་ཉི་མའི་སྐུ་གདུང་མཆོད་རྟེན་དང་ དེའི་མཐའ་བསྐོར་ལུ་ འཕགས་པའི་གནས་བརྟན་བཅུ་དྲུག་གི་སྐུ་འདྲ་ དེ་ལས་པད་གླིང་གཏེར་བྱོན་ ཀུན་བཟང་དགོངས་པ་ཀུན་འདུས་ལུགས་ཀྱི་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྡེབས་རིས་ཚུ་ཡོད། དེ་གི་ཟུར་ཁ་ལུ་ བླ་མའི་ལྷ་ཁང་ནང་ ནང་རྟེན་གཙོ་བོ་དཔལ་རྡོ་རྗེ་སེམས་དཔའ་དང་དེའི་མཐའ་བསྐོར་ལུ་ པད་གླིང་བླ་མ་བརྒྱུད་པ་རིམ་བྱོན་གྱི་སྐུ་འདྲ་ དེ་ལས་རྙིང་མ་རྒྱུད་འབུམ་ཚུ་བཞུགས་ཏེ་ཡོདཔ་ཨིན། 
དེ་ལས་ལྷ་ཁང་གཙོ་བོ་དེ་གི་གདོང་ཁར་ སྤྱན་རས་གཟིགས་ཀྱི་ལྷ་ཁང་ཡོད། དེ་ནང་ལུ་ བཅུ་གཅིག་ཞལ་གྱིས་གཙོས་པའི་ པད་གླིང་གཏེར་བྱོན་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་ལྷ་ཚོགས་ཀྱི་སྐུ་འདྲ་ཚུ་ཡོདཔ་ཨིན། ལྷ་ཁང་གཙོ་བོའི་གཡས་ཁ་ཐུག་ སྒང་སྟེང་མདོ་སྔགས་ཐོས་བསམ་རབ་རྒྱས་གླིང་གི་བཤད་གྲྭ་འགོ་ཐོག་བཙུགས་པའི་སྐབས་ལུ་ མི་དབང་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་གྱིས་སྦྱིན་བདག་མཛད་ཐོག་ལས་བཞེངས་པའི་ལྷ་ཁང་ཅིག་ཡོད་མི་དེ་ནང་ལུ་ ནང་རྟེན་གཙོ་བོ་གུ་རུ་རིན་པོ་ཆེ། གཏེར་སྟོན་པདྨ་གླིང་པ། ཞབས་དྲུང་ངག་དབང་རྣམ་རྒྱལ་གསུམ་གྱི་སྐུ་འདྲ་གིས་གཙོས་པའི་ སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ཅན་མང་རབས་ཅིག་བཞུགས་ཡོདཔ་ཨིན། དེ་འབདཝ་ལས་ ལྷ་ཁང་དེ་ཚུ་ལུ་ ཕྱག་དང་མཆོད་པ་ཕུལ་ནི་དང་ བསྐོར་ར་རྐྱབ་ནི་ལ་སོགས་པ་འབད་བ་ཅིན་འདི་ལོད་ ཐ་ན་ཐག་རིང་ལས་མཇལ་བ་ཙམ་དང་ མཚན་རྣ་བར་ཐོས་པར་ཙམ་གྱིས་ཀྱང་ ངན་སོང་གི་སྐྱེ་སྒོ་ཆོད་ནི་དང་ རྒྱུད་ལུ་ཐར་པའི་ས་བོན་བཞག་ཚུགས་པའི་བྱིན་རླབས་ཀྱི་མཚན་ཁ་ཡོདཔ་ལས་ ལྷ་ཁང་འདི་སྲིད་འདིར་ཤིན་ཏུ་དཀོན་པའི་མཐོང་གྲོལ་མཆོག་ཏུ་གྱུར་པ་ཅིག་ཨིན་ནོ༎

གསང་སྔགས་རིག་པ་འཛིན་པ་སྒྲུབ་པའི་སྡེ། །ཁྲིམས་ལྡན་ངུར་སྨྲིག་འཆང་བ་ཆོས་ཀྱི་གླིང་། །
པདྨའི་ཕྲིན་ལས་སྙིང་པོའི་བསྟན་པ་འདི། །སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག །

རྫོང་ཁའི་དག་ཡིག

༆ ཤེས་རབ་ལྷ་མཆོག་འཇམ་དབྱངས་ལུ། །གུས་པའི་སྒོ་ལས་ཕྱག་འཚལ་ཏེ། །བློ་གསར་ཚུ་ལུ་ཕན་ཐབས་ལུ། །རྫོང་ཁའི་བློ་གསར་དག་ཡིག་ཅིག །ངོ་དེབ་འདི་ནང་བཀོད་ནི་ཨིན། །མ་གཞི་རྫོང་ཁའི་དག་ཡིག་འདི། །རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས། །སྤྱི་ལོ་ཉིས་སྟོང་བརྒྱད་ལོ་ལུ། །བརྩམས་ཏེ་སྤར་སྐྲུན་འབད་དེ་འདུག། །ཨིན་རུང་དེ་ནང་ནོར་འཁྲུལ་ཡང་། །གྱངས་ཁ་མ་ཆོདཔ་ཅིག་མཐོངམ་ལས། །ནོར་འཁྲུལ་ཡོད་མི་བཅོ་ཞིན་ན། །ཁ་སྐོང་རེ་ཡང་རྐྱབ་སྟེ་གིས། །ཀ་སྡེ་ཁ་སྡེ་རིམ་པ་བཞིན། །ངོ་དེབ་འདི་ནང་བཀོད་ནི་ཨིན། །དེ་གུ་མཁྱེན་ལྡན་ཚུ་གིས་ཡང་། །ནོར་འཁྲུལ་ཆད་ལྷག་གཟིགས་པ་ཅིན། །ནོར་བཅོས་ཁ་སྐོང་གནང་དགོ་པའི། །གསོལ་འདེབས་ཧིང་ལས་ཞུ་དོ་གོ། །
༼ཀ༽
ཀ་བ་ཀ་བལ་ཀ་ར་དང་། །ཀ་ཀུ་རུ་དང་ཀ་ཤ་དང་། །ཀ་ཀུ་ཚུ་ལུ་ཀ་རྐྱང་ཨིན། །རྒྱལ་པོའི་བཀའ་འདི་བའུ་བཀའ་དང་། །དཀའ་ངལ་དཀའ་འདི་དའུ་དཀའ་ཨིན། །ཆུ་གི་རྐ་འདི་ར་རྐ་དང་། །སྐ་པགས་པ་འདི་ས་སྐ་ཨིན། །ཧོད་ནང་བཀང་ནི་བའུ་བཀང་དང་། །གཞུ་བཀང་ནི་ཡང་བའུ་བཀང་ཨིན། །རེ་བ་བསྐང་ནི་བ་སའི་བསྐང་། །རྐངམ་ལགཔ་རྐངམ་འདི་ར་རྐང་ཨིན། །ལམ་བཀག་བཀག་སྡོམ་བའུ་བཀག་ཨིན། །ལོ་སྐག་ཟླ་སྐག་ཞག་སྐག་ལུ། །ས་སྐག་ཀག་རྐྱང་གཉིས་ཆ་ར། །འབྲི་སྲོལ་ཡོདཔ་ལས་ག་དགའཝ་བྲིས། །སྐུ་གཟུགས་སྐུ་འདི་ས་སྐུ་ཨིན། །ཅ་ལ་རྐུ་ནི་ར་རྐུ་ཨིན། །དུས་སྐབས་གནས་སྐབས་ས་སྐབས་ཨིན། །བཀབ་ནེ་བཀབ་ནི་བའུ་བཀབ་ཨིན། །ཁ་དོག་དཀརཔོ་འདི་དའུ་དཀརཔོ་ཨིན། །བཀབ་དང་དཀརཔོ་གཉིས་བརྗོད་སྒྲ་ལུ། །ཁྱད་པར་ཆེནམོ་ཅིག་མ་མཐོང་རུང་། །དག་ཆའི་ཐད་ཁར་ལྷོདཔ་ད་ལུ། །ཁྱད་པར་སྦོམ་ཡོདཔ་སེམས་ཁར་བཞག །དུས་ཀྱི་བསྐལ་པ་བ་སའི་བསྐལ། །ངེ་གི་བསྐལཝ་དང་ཁྱེད་ཀྱི་བསྐལཝ། །བསྐལ་བ་བགོ་བཤའི་བསྐལ་འདི་ཡང་། །དུས་ཀྱི་བསྐལ་དང་ཅོག་ར་འཐད། །ཕར་ཚུར་བསྐྱལ་ལུ་ཡ་བཏགས་ཡོད། །སྔོན་འཇུག་བ་དང་ཡ་བཏགས་གཉིས། །མེད་པའི་ས་སྐལ་འབྲི་བ་ཅིན། །སྐལ་བ་བཟང་དང་མ་བཟང་ཟེར། །སླབ་དོ་བཟུམ་ལུ་གོ་ནི་ཨིན། །ཁུར་ཆ་སྒལ་པར་བཀལ་ནི་ལུ། །བའུ་བཀལ་འབྲི་དགོཔ་བདེན་རུང་ར། །ཅ་ལ་ཕར་ཚུར་བསྐྱལ་ནི་ལུ། །བའུ་བཀལ་འབྲི་ན་ནོར་འཁྲུལ་ཨིན། །ནམ་མཁའི་སྐརམ་འདི་ས་སྐ་ཨིན། །སྐམ་རློན་སྐམ་ཡང་ས་སྐ་ཨིན། །ཨིན་རུང་ནམ་ཁའི་སྐརམ་འདི་ལུ། །རྗེས་འཇུག་ར་ཡོད་ཤུལ་མམ་ལུ། །རྗེས་འཇུག་ར་མེདཔ་སེམས་ཁར་བཞག །ཀར་མེའི་ཀར་འདི་ཀར་རྐྱང་ཨིན། །དའུ་དཀར་འབྲི་བའི་སྲོལ་ཡང་འདུག །སྐུགས་ཚད་སྐུགས་འདི་ས་སྐུགས་ཨིན། །ཚོགས་བརྡ་བཀུག་ནི་བའུ་བཀུག་ཨིན། །ཀྲིང་ཀྲིང་བང་རྔ་བརྡུངས་ཏེ་གིས། །རྒྱལ་བའི་བཀའ་ཚུ་སྐྱོར་ཏེ་གིས། །ལུས་སེམས་གཉིས་ཀུ་བཀུག་ནི་ཡང་། །བའུ་བཀུག་འདི་ལས་གཞན་མིན་འདུག །རྐྱངམ་གཅིག་རྐྱང་འདི་ར་རྐྱང་ཨིན། །རྐངམ་ལགཔ་བརྐྱང་ལུ་བའུ་ཅིག་ཡོད། །ཨིན་ཀྱང་ལོད་ཀྱང་ཀྱང་རྐྱང་ཨིན། །བཀའ་དྲིན་བསྐྱང་ལུ་བའུ་ས་ཡོད། །འབྲེལ་སྒྲའི་ཀྱི་འདི་ཀྱི་རྐྱང་ཨིན། །བརྙ་ནི་བསྐྱི་ནི་བའུ་ས་ཡོད། །དཀྱི་ར་དཀྱི་ནི་ད་དཀྱི་ཨིན། །དེ་ལུ་རྗེས་འཇུག་ལ་ཅིག་ཡོདན། །དཀྱིལ་འཁོར་དཀྱིལ་ལུ་གོ་ནི་ཨིན། །མགུ་ཏོའི་སྐྱ་འདི་ས་སྐྱ་ཨིན། །ཚོན་གྱི་བཀྱག་འདི་བ་བཀྱག་ཨིན། །ཏོག་ཙེ་བརྐོ་ནི་བ་རའི་བརྐོ། །གཡུགས་བཀོ་ནི་ལུ་ར་མགོ་མེད། །ལས་ཀྱིས་བསྐོས་ནི་བ་སའི་བསྐོས། །ཡིག་ཐོག་བཀོད་ལུ་ས་མགོ་མེད། །ལྐོད་མའི་ལྐོད་འདི་ལ་ལྐོད་ཨིན། །ཨམ་སྲུའི་གྱོན་ཆས་ཀོ་མ་འདི། །ཀོ་རྐྱང་ཨིན་པའི་ཚོད་ཅིག་ཡོད། །ཀོ་བའི་ཀོ་ཡང་འདི་དང་འདྲ། །བར་ན་དཀྲོགས་ནི་ད་དཀྲོགས་ཨིན། །ཨོམ་དཀྲོགས་ནི་ཡང་འདི་དང་འདྲ། །ཀྲང་ཀྲིང་བསྐྲོག་ནི་བ་སའི་བསྐྲོག །འབྲི་སྲོལ་ཡོད་རུང་འཐད་མི་འཐད། །བརྟགས་དཔྱད་ཚར་གཅིག་འབད་དགོཔ་འདུག །རྣམ་ཅོག་ཀྲོང་ཀྲོང་ཀྲོང་རྐྱང་ཨིན། །བསད་པའི་ཞེ་ས་བ་བཀྲོངས་ཨིན། །ཆག་དཀྲུམས་དཀྲུམས་འདི་ད་དཀྲུམས་ཨིན། །སྤགས་ཀྱི་ཞེ་ས་གསོལ་སྐྲུང་འདི། །ས་སྐྲུང་ཨིན་པའི་ཚོད་ཅིག་ཡོད། །བཀྲ་ཤིས་བཀྲ་འདི་བ་བཀྲ་ཨིན། །འདི་ལུ་རྗེས་འཇུག་མ་ཅིག་ཡོདན། །བཀྲམ་སྤེལ་བཀྲམ་ལུ་གོ་ནི་ཨིན། །བཀྲ་ཤིས་པ་ཡི་བསམ་འཆར་ཡོདན། །ཀུན་ལུ་ཁྱབ་སྦེ་བཀྲམ་ད་ས། །

འཕྲོ་མཐུད་་་་་་

རྩོད་བསྡུར།

རྩོད་བསྡུར་ཟེར་བའི་དོན་དག་འདི་ རྫོང་ཁའི་ཚིག་མཛོད་ནང་བལྟ་བ་ཅིན་ རྩོད་འགྲན་ག་བསྡུར་འབད་ནི་ཟེར་ཐོན་མས། རྫོང་ཨིན་ཤན་སྦྱར་ཚིག་མཛོད་ནང་བལྟ་བ་ཅིན་ (debate) ཟེར་བཀོད་ནུག།

ཨིང་ལིཤ་ཚིག་མཛོད་བལྟཝ་ད་(debate) ཟེར་བའི་དོན་དག་བཞི་ལྔ་དེ་ཅིག་ཡོད་པའི་གྲལ་ལས་གཅིག་དེ་སྦེ་འདུག། (a formal contest in which the affirmative and negative sides of a proposition are advocated by opposing speakers.)

ཆོས་སྐད་ཀྱི་ཚིག་མཛོད་ནང་ལུ་བལྟ་བ་ཅིན་ རྩོད་ཟེར་བའི་ཚིག་གི་འགྲེལ་བཤད་ནང་ ༼ལྟ་ཚུལ་དང་བཤད་ཚུལ་མི་འདྲ་བ་བྱུང་ནས་ རང་གི་ལྟ་ཚུལ་སོགས་ཡང་དག་པ་ཡིན་པའི་རྒྱུ་མཚན་བཤད་པའམ་ གཞན་གྱི་ལྟ་ཚུལ་ལ་དགག་པ་རྒྱག་པའི་དོན་༽ཟེར་བཀོད་ནུག།

འ་ནེ་སྦེ་འབདཝ་ད་ ད་རེས་ཀྱིས་སྲིད་ཚོགས་ཀྱི་གཙོ་འཛིན་གྱི་རྩོད་བསྡུར་དེ་ ཆོས་སྐད་དང་ཨིང་ལིཤ་གི་ཚིག་མཛོད་ནང་ཡོད་པའི་རྩོད་བསྡུར་མེན་པར་ཞིན་ན་ རྫོང་ཁའི་ཚིག་མཛོད་ནང་ཡོད་པའི་རྩོད་བསྡུར་ཨིན་མས།

ག་ཅི་སྦེ་ཟེར་བ་ཅིན་ ཨིང་ལིཤ་དང་ཆོས་སྐད་ཀྱི་ཚིག་མཛོད་ནང་འབད་བ་ཅིན་ བསམ་ཚུལ་དང་བཤད་ཚུལ་མ་མཐུནམ་ཐོན་ཏེ་ དེ་གི་ཐོག་ལུ་དགག་སྒྲུབ་འབད་དགོ་ནི་ཨིན་མས་སྦ།

དེ་འབདཝ་ད་ རྫོང་ཁའི་ཚིག་མཛོད་ནང་ལུ་ རྩོད་པ་དང་རྩོད་འགྲན་རྩོད་བསྡུར་ག་ཅི་གི་ཐད་ལུ་ཡང་ འགྲེལ་བཤད་འདི་དང་འདི་ཟེརཝ་ཅིག་ཧིང་སངས་ས་ག་ནི་ཡང་མེད་དོ་བཟུམ་སྦེ་ ད་རེས་ཀྱི་རྩོད་འགྲན་འདི་ཡང་ སྲིད་ཚོགས་ཀྱི་ལྟ་གྲུབ་ལུ་ དགག་སྒྲུབ་ག་ནི་ཡང་མེད་པར་མཇུག་བསྡུ་ད་ཡི།

དེ་འབདཝ་ལས་ ལོག་ཤུལ་ལས་ རྩོད་འགྲན་ག་ཅི་ར་འགོ་འདྲེན་འཐབ་རུང་ དགག་སྒྲུབ་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ཚུགས་ནི་གི་དོན་ལུ་ རྫོང་ཁའི་ཚིག་མཛོད་ནང་ རྩོད་བསྡུར་དང་རྩོད་པ་ཚུ་གི་གོ་དོན་འགྲེལ་བཤད་ཧིང་སངས་སངས་སྦེ་བཙུགས་དགོཔ་འདུག་ཟེར་ཞུ་ནི་ཨིན།

ང་ཚོགས་རྒྱན་མི་བཙུགས།

ད་རེས་ཕྱི་རུ་ཆུ་ཚོད་དྲུག་བརྡུང་པར་སྐར་མ་༡༥ ལས་ར་རྒྱང་མཐོང་ཕྱེ་ཞིན་ན་འབྲུག་རྒྱང་བསྒྲགས་ཀྱི་བརྒྱུད་ལམ་གུ་སོང་སྟེ་ སྲིད་ཚོགས་ཀྱི་གཙོ་འཛིན་གྱི་རྩོད་འགྲན་བལྟ་ནི་སྦེ་ བསྒུགས་སྡོད་ཅི། དེ་སྦེ་བསྒུགས་དགོ་མི་འདི་ཡང་ མ་འོངས་ལོ་ལྔའི་རིང་ལུ་གཞུང་སྐྱོང་གནང་ནི་ཨིན་མི་སྲིད་ཚོགས་བཙག་འཐུ་འབད་ནིའི་དོན་ལུ་ ཚོགས་པ་གདམ་ཁ་རྐྱབ་ནི་སྦེ་བསྒུགས་བསྒུགཔ་ཨིན།

དེ་འབདཝ་ད་ ཆུ་ཚོད་གཅིག་ལྷགཔ་ཅིག་ རྩོད་འགྲན་བལྟ་སྟེ་འབད་ས་ཅིག་རུང་ སྲིད་ཚོགས་ག་དྲགཔ་ཨིན་ན་གདམ་ཁ་རྐྱབ་མ་ཚུགས། གདམ་ཁ་རྐྱབ་མ་ཚུགས་མི་འདི་ག་ཆརཔ་ཟེར་བ་ཅིན་ དང་པ་སྲིད་ཚོགས་ཀྱི་གཙོ་འཛིན་ཚུ་གིས་ ཁོང་རའི་ཚོགས་པའི་ལྟ་བ་ཧིང་སངས་ས་སྦེ་གསལ་བཤད་མ་གནང་། གཉིས་པ་སོངམ་ད་ གཙོ་འཛིན་དེ་ཚུ་གིས་ ཁོང་རའི་སྲིད་ཚོགས་ལུ་ གཞན་ལུ་མེད་པའི་ཁྱད་ཆོས་ག་ཅི་ཡོད་ག་ མ་གསུངས། གསུམ་པ་སོངམ་ད་ དཀའ་ངལ་བསལ་ནི། ཕྱག་ཞུ་ནི། འ་ནི་འབད་ནི་ཟེརཝ་མ་གཏོགས་ ག་དེ་སྦེ་འབད་ནི་ཨིན་ན་དང་དཀའ་ངལ་ག་དེ་སྦེ་བསལ་ནི་ཨིན་ན་ གཙོ་འཛིན་ག་གིས་ཡང་མ་གསུངས།

སྲིད་ཚོགས་ག་དང་ག་དྲགཔ་ཨིན་ན་ལེགས་ཤོམ་སྦེ་ཧ་མ་གོ་བར་ ཚོགས་རྒྱན་བཙུགས་དགོ་པ་ཅིན་ ཡང་ཅིན་ཨེང་ཀེ་བོང་ཀེ་རྐྱབ་སྟེ་ར་བཙུགས་དགོ་ནི་མས། ཡང་ཅིན་གཞན་གྱི་ཁ་ལུ་ཉན་ཏེ་གིས་སྦེ་བཙུགས་དགོཔ་ཐོན་ནི་མས། དེ་སྦེ་བཙུགས་ད་པ་ཅིན་ ལཱ་ཁག་སྦེ་དུས་ཚོད་བཏང་ ཟད་འགྲོ་བཏང་མི་འདི་ དོན་དག་ག་ནི་ཡང་མེདཔ་འགྱོ་ནི་ཨིན་མས། དེ་འབདཝ་ལས་ སྲིད་ཚོགས་ག་དྲགཔ་ཨིན་ན་ ལེགས་ཤོམ་སྦེ་ཧ་མ་གོ་ཚུན་ཚོད་ ང་ཚོགས་རྒྱན་རྩ་ལས་ར་མི་བཙུགས།

ནཱ་སྦུ་གིས་ སྲིད་ཚོགས་གདམ་ཁ་རྐྱབ་ཚུགས་ཅི་ག།

འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་གྱིས་གསུངས་མས། ཁོང་གི་ཚོགས་པ་ནང་ ན་གཞོན་མང་སུ་ཡོད་ལོ། དེ་འབདཝ་ལས་ ན་གཞོན་གྱི་དཀའ་ངལ་བསལ་ནི་ཟེརཝ་མས།
འབྲུག་མཉམ་རུབ་ཀྱི་གཙོ་འཛིན་གྱིས་གསུངས་མས། ཁོང་གི་ཚོགས་པ་གིས་ མི་སེར་ལུ་ལུས་དང་སེམས་ཀྱི་སྡུག་བསྔལ་ལྷམ་པ་གཉིས་ཡོད་ས་ལས་ སེམས་ཁའི་སྡུག་བསྔལ་བསལ་ནི་ལུ་ གཙོ་བོར་བཏོན་ནི་ཟེརཝ་མས།

འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་གསུངས་མས། ན་གཞོན་གྱི་དཀའ་ངལ་བསལ་ཐབས་ལུ་ལཱ་གཡོག་བློན་པོ་འོག་མ་ཅིག་གསར་བསྐོས་མཛད་ནི་ཟེརཝ་མས།

དམངས་གཙོ་ཚོགས་པའི་གཙོ་འཛིན་གྱིས་གསུངས་མས། དབང་ཆ་ཕྱིར་སྤེལ་གནང་ནི་ཟེརཝ་མས།

དེ་སྦེ་གསུངས་ཏེ་ར་འབད་ས་ཅིག་རུང་ སྲིད་ཚོགས་བཞི་གི་གྲལ་ལས་ འདི་དྲག་པས་ཟེར་མི་ཅིག་ རྩ་ལས་ར་གདམ་ཁ་རྐྱབ་མ་ཚུགས།

ནཱ་སྦུ་གིས་གདམ་ཁ་རྐྱབ་ཚུགས་ཅི་ག།

ང་གིས་ཞུ་ནི་གི་གནད་དོན་སྙིང་པོ་འདི་ སྲིད་ཚོགས་གདམ་ཁ་རང་གིས་མ་རྐྱབ་པར་ གཞན་གྱི་ཁ་ལུ་ཉན་ཏེ་ ཚོགས་རྒྱན་བཙུགས་མ་གནང་། ག་ཅི་སྦེ་ཟེར་བ་ཅིན་ གཞན་གྱི་ཁ་ལུ་ཉན་ཏེ་ཚོགས་རྒྱན་བཙུགས་པ་ཅིན་ མཇུག་མཐའན་མཇུག་ལུ་ ལོ་ལྔའི་རིང་ཨ་ཁའི་ཟེརཝ་ཟེར་ས་ར་ མི་ཚེ་བསྐྱལ་དགོཔ་ཐོན་འོང་། རང་གིས་གདམ་ཁ་རྐྱབ་རྐྱབ་འབད་བ་ཅིན་ རང་གིས་བཟོ་བའི་བསིང་ཆང་། མངར་རུང་སྐྱུར་རུང་འཐུང་དགོ་ཟེར་དོ་བཟུམ་ བློ་འགྱོད་སྐྱེ་དགོཔ་མེད་ཟེར་ཞུ་ནི་སྦེ་ཨིན་ལགས།

དམ་ཆོས་བཟང་མོ་ལུ་བསྐྱལ་བའི་གཏང་ཡིག།

ལྷོ་དཔལ་ལྡན་འབྲུག་པའི་ཞིང་ཁམས་སུ། །གཞུང་སྤུངས་ཐང་བདེ་བ་ཅན་གྱི་གཞོལ། །རང་སྨོན་ལམ་མཐུན་པའི་མ་སྨད་གཉིས། །མིང་བརྗོད་ན་དམ་ཆོས་བཟང་མོ་ཁྱོད། །ཡུལ་འཐེད་གཞུང་སྐྱིད་པའི་སྨན་ལྗོངས་ཞེས། །ས་རྒྱ་དང་བོད་ལས་གོ་བའི་ཚེ། །ལྗོངས་སྐྱིད་པའི་ལོ་རྒྱུས་ཚོད་ཚོད་མེད། །ཐོས་ཚད་ཀུན་ཁ་ཆུ་ལྡན་ལྡན་སྐྱེ། །རང་ནང་འཐད་དཔྱད་དེ་བལྟ་བའི་སྐབས། །ལྷོ་ནང་འཁྲུག་བྲེ་བའི་མིང་ཅན་གྱིས། །བློ་བདེ་བ་ཞག་གཅིག་ཙམ་ཡང་མེད། །དུས་ད་རེ་འདི་ཕྱོགས་དཔྱད་བལྟ་ཚེ། །འབངས་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་འདི། །དཔོན་སྐུ་བསོད་ཅན་གྱིས་སྐྱོང་བའི་ཚེ། །ས་ལག་མཐིལ་ཙམ་ཡང་མ་ལུས་པ། །རང་རབ་རྩེ་དཔོན་གཡོག་འོག་ལ་ཚུད། །ས་ཆོས་གཞིས་ག་ཏད་བཞེས་བཞེས་ཡིན། །དུས་དང་ཕུའི་ཁྲལ་གཞིས་མངའ་འབངས་ཚོ། །བོད་བསམ་ཡས་ལྷ་ཁང་གསུང་འབྱོན་འདྲ། །བྱིན་སྔར་ཐང་ཡོད་ཟེར་ཞུ་ནོད་མེད། །རང་དཔོན་གཡོག་བཞེས་ནོད་བཞག་ནོད་འདི། །གྲ་པ་དང་སུག་མ་ལ་སོགས་པ། །འབའ་ལེགས་དང་འབུན་རྫོབ་ཨ་མ་མ། །མི་དགོས་རང་ཟེ་རུང་འཛུལ་མི་མང་། །མ་འཛུལ་རུང་བཙུག་པ་མི་འཇམ་མེད། །དུས་ད་ལྟ་རང་རེའི་གོང་མ་ཚོ། །སྐུ་བསོད་དང་སྐུ་དབང་ཚོད་ཚོད་མེད། །འཐག་འཐག་དང་ལེབ་ལེབ་བཟོ་བ་འཇམ། །ལ་ལོ་གཅིག་རྐང་རྩལ་རྒོད་དེ་ཐལ། །ལ་ལོ་གཅིག་ཞུ་ཕྱག་འཚལ་དེ་སྐྱོང་། །སྐྱོང་ཟེ་རུང་ཁམས་གསུམ་དབང་འདུས་ཡིན། །དུས་ད་རེ་རང་གི་སྐྱོང་སྐྱོང་ཡིན། །ཕུག་རྡོ་རྗེ་གདན་ཡང་རྟག་པར་མེད། །མེད་ཟེར་བ་བློ་དམན་ངོ་ན་ཡིན། །གཞན་མཁས་པའི་གསུང་ལས་ཉན་བལྟ་ཚེ། །རྫོགས་སངས་རྒྱས་བཞུགས་ས་རྡོ་རྗེ་གདན། །ཉམས་རྟོགས་པའི་མཐར་ཐུག་ཆོས་ཀྱི་དབྱིངས། །དེ་ནམ་ཞག་བརྟན་པའི་ལོ་རྒྱུས་དང་། །དུས་འཕོ་འགྱུར་མེད་པའི་གཏན་ཚིགས་དེ། །དཔལ་རྫོགས་པའི་སངས་རྒྱས་ཀྱི་ཞལ་གསུང་ཡིན། །འདི་མི་བདེན་ཟེ་ན་དགའ་བདེར་སྐྱབས། །ཨ་ཁོ་རེ་རང་རེའི་དམ་ཆོས་མ། །དོན་དེ་ཚོ་ཞོར་ལས་འཐོན་པའི་ཚིག། །གཏམ་བཤད་བཤད་ཁ་ཡི་ཝ་ག་ཡིན། །ད་མཐར་ཐུག་དོན་གྱི་སྙིང་པོ་ལ། །ས་འཐེད་གཞུང་ཕོ་ཆུ་མོ་ཆུའི་འགྲམ། །མིང་དམ་ཆོས་བཟང་མོའི་ཉམས་ལེན་ཅན། །ཉམས་དབྱར་ཁའི་སྤང་བཞིན་སྐྱེ་རྡོ་གམ། །མཐའ་དམ་ཚིག་མི་འཁྲུལ་ང་རང་ཤེས། །གཟུགས་ན་ཚ་མེད་པ་སྡོད་ཡོད་དམ། །རྐྱེན་བར་ཆད་མེད་པའི་རིམ་གྲོ་འབད། །བློ་ཚེ་སྒྲུབ་སྲི་བཟློག་བཏང་སྨ་རེད། །རང་ནོར་དཔོན་བགྲེས་པའི་འཕྲིན་ལས་པ། །དཔོན་ཆོས་རྩེ་གོང་མའི་བཀའ་དྲིན་ལས། །ས་སྐུ་རི་ལུངས་པའི་མདོ་བཞི་ལ། །ལོ་དུས་ཀྱི་འབུལ་ཆད་བདའ་མི་ཡིན། །དུས་དང་ཕུ་སཱ་ལུ་ལྗང་པའི་ས། །ད་འཇག་མ་ཙམ་ཡང་དཀོན་ཐང་ཐང་། །འཇམ་ལྟང་ལྟང་རོག་ལས་འཐོན་པ་ཁག། །མ་ཐོབ་པ་རང་གིས་བཞག་མི་ཐུབ། །དཔོན་གོང་མ་བཀའ་དྲིན་ཆེ་བདོ་བ། །རང་མཛུབ་མོ་གར་གཏད་ཤར་རང་ཡིན། །དགུང་ཁྲི་གདུགས་ཤར་ས་ཤར་མི་ཟེར། །རང་དགོས་ཚད་འབྱུང་ས་ཤར་རང་ཡིན། །ཡུན་མི་རིང་ང་ཡང་ལོག་དོད་འོང་། །ཐབས་མཁས་ཀྱི་ཡུལ་བསྐོར་རྒྱབ་པའི་ཚེ། །རྐྱེན་བར་ཆད་མེད་པ་ཕྲད་ཐག་ཆོད། །དེ་མ་བརྗེད་ང་རེའི་མ་སྨད་གཉིས། །གཟུགས་བཟང་བའི་ལག་རྟགས་ཕྲན་ཙམ་བཅས། །ཤར་ལུངས་པའི་སྐུ་རི་ཤར་ཕྱོགས་ལ། །རྫོང་ལྷུན་གྲུབ་བྲག་གི་སྐེད་པ་ལས། །ནོར་རྐང་བཞི་དཔོན་པོ་བགྲེས་པས་སྐྱེལ། །

སྙིང་གྲོགས་རིན་ཆེན་ལུ་བསྐྱལ་བའི་གཏང་ཡིག།

རང་ཡུལ་ཐེད་གཞུང་ས་ཡི་ཐིག་ལེའི་སྟོད། །སྐུ་རི་ལུངས་ཞེས་གྲགས་པའི་དགའ་ཚལ་ནས། །སྔོན་བསགས་སྨོན་ལམ་མཐུན་པའི་སྙིང་གྲོགས་མས། །ཡི་གེ་རྟེན་བཅས་སྐྱེ་བ་ཉམས་མེད་འབྱོར། །གནས་ཚུལ་ལོ་རྒྱུས་དྭང་ཁྲོལ་གོ་བའི་ཚེ། །དངོས་སུ་ཕྲད་པ་ལྟ་བུས་སེམས་དགའ་མོད། །ཡིག་རྟེན་བྱིན་རླབས་བསུང་བགྱིག་འབྱོར་བ་འདི། །མཚན་ལྡན་བླ་མའི་ཞབས་སུ་ལྷོད་སམ་སྙམ། །ད་ལྟ་བར་ཆད་སེལ་བའི་བསྲུང་བགྱིག་དང་། །ཕྱི་མའི་ལམ་སྣ་འདྲེན་པའི་བྱིན་རླབས་བཅས། །དགེ་བའི་ཕྱོགས་ལས་སྒོར་ཆ་ཚོད་ཚོད་མེད། །དགའ་ཚོར་ཡོད་དོ་ང་རེའི་རིན་ཆེན་མ། །ཨང་རྒན་ལོ་དང་ན་ཚོད་རྒས་པའི་སྟབས། །སྐྱེ་བ་ཕྱི་མའི་དུས་ལ་བབ་ཁྱེད་རུང་། །ལམ་བཟང་སྐྱེ་ས་མཐོ་བ་ཐོབ་པའི་གཞི། །དགེ་རྩ་བསྒྲུབ་པས་རང་ཡེ་བསམ་པ་རྫོགས། །གཞན་གྱིས་བཏབ་འཇལ་ལོན་འཇལ་འགལ་ཆེའི་རིགས། །ཀླུ་བས་ཕྱག་ན་རྡོ་རྗེའི་དཔེ་བཞིན་དུ། །ཚ་རྒྱས་ང་ཡང་ཆེ་བའི་རང་བཞིན་ལ། །ཐབས་དང་བསྙེད་ཀྱིས་བསྒྲུབ་ནོད་མ་གཏོགས་པས། །གཡས་རྒྱབ་ཤ་དང་གཡོན་རྒྱབ་མར་བཞིན་དུ། །འབའ་ལེ་བུན་རྫོགས་ལེན་ས་མི་འདུག་པས། །མ་རྒྱབ་ཤུགས་ཀྱིས་བརྡོལ་བའི་དཔེ་ལྟ་བུ། །ངམ་དང་རིམ་གྱིས་ཨ་པས་འབད་འོང་མོ། །མགུ་ལས་མག་གིས་ཞོང་བའི་གནས་སྐབས་ཀྱིས། །ཁ་འཇམ་གཏམ་གྱིས་གཞན་སེམས་ལྷུ་བའི་ཚེ། །ག་ཏད་འབད་རུང་ཕག་ཕུལ་སྐྱབས་ཚུག་པ། །ད་རེ་ཁྱོད་ལས་ག་ཏད་ཧན་ཧན་སླབ། །ཐབས་མཁས་ཤག་ཀྱའི་རིགས་སུ་འཁྲུང་ཤོག་མོ། །ཏ་མ་ཁྱོད་ཡང་སྐྱལ་ས་མ་སྐྱལ་བ། །སྨར་མོའི་སྐྱིན་པ་རྗེན་པ་ང་ལས་འབད། །དེ་ཚེ་ལྷ་དགའ་མི་སྐྱིད་འོང་ཐག་ཆོད། །དེ་ལས་ནམ་ཟླ་དུས་ཀྱིས་དེད་པ་ལས། །ཝང་གཞིས་བསིལ་བའི་ཕྱོགས་སུ་བཏེག་པའི་ཚེ། །ཤེས་ངག་ཚད་པའི་ས་ཁར་མི་ཆགས་པས། །ཀྲོང་གསར་མི་འགྱུར་རྒྱལ་པོའི་ཁབ་ལ་ཤོག། །འདི་ཁའི་བྲེལ་བ་ཕྲལ་དུ་བཅད་ས་མེད། །ཤར་ཕྱོགས་རྣ་བ་རྒལ་པར་བཀལ་ཚ་འདུག། །ཤ་ཁྱིམ་ནང་ལ་སོང་རུང་གཞིས་བཏེག་སྨད། །ལོ་དང་ཟླ་བས་ཕུལ་དེ་འགོར་ཐག་ཆོད། །རིང་མིན་བར་སྐབས་ང་ཡེ་ཀྲོང་སར་ལ། །འཐོན་རྩིས་ཡོད་པས་ཞིབ་ཆ་དེ་སྐབས་ཕྲད། །གནས་ཚུལ་དང་ཁྲོལ་བཤད་ཚེ་ཁྱོད་ཀྱི་སེམས། །རིང་ཐུང་མི་འདུག་མནོ་བས་སེམས་དགའ་རུང་། །ལྷུན་གྲུབ་བྲག་གི་སྐེད་པའི་རྫོང་ཁ་འདི། །ཧིན་ཙེ་ཧིང་ཙེ་ཟེར་བ་བདེན་ཚོད་འདུག། །ཀོབ་ཏ་ཙམ་ཡང་མེད་པའི་ཙེ་ཁག་ཁ། །ཁྱོད་ནི་བདེ་བ་ཅན་གྱི་ཕོ་བྲང་མཆོག། །རྒྱ་བོད་ཟས་ནོར་འཛོམས་པའི་སྤུངས་ཐང་ཁ། །ཐོད་དཀར་ཅན་གྱི་སྤྲོ་ཟས་གོ་ཧད་ཡང་། །ཀང་ཟ་མུ་ཟ་ཤ་སྐམ་ལ་སོགས་པ། །དོབ་ཀ་བཤལཝ་བྱི་ཙི་མཇུག་མ་སོགས། །འབོལ་འབོལ་འཐོན་པའི་པ་སངས་ཁ་ལྟ་བུ། །ཡིག་རྟེན་བཀལ་བའི་མནོ་བསམ་མི་འདུག་པས། །ཕ་སེམས་བུ་ལ་མནོ་རུང་བུ་སེམས་ཁྲག། །མ་སེམས་བུ་མོར་མནོ་རུང་བུ་སེམས་ཆུ། །མ་གཞི་ལོ་རྒྱུས་ཙམ་གྱི་གློ་ཡིན་མོད། །ཏིག་ཏིག་ཁྱོད་རའི་སེམས་ཀྱིས་དཔྱད་ལྟ་མོད། །དེ་ཚོ་གནས་སྐབས་གཏམ་གྱི་ལོ་རྒྱུས་ཡིན། །ཞིབ་ཆ་དངོས་ཕྲད་སྐབས་སུ་སེམས་ངེས་གྱིས། །གཟུགས་ཁམས་བཟང་བའི་ལག་རྟགས་རྟེན་དང་བཅས། །ཧེན་རྩེ་རྫོང་ལས་དགེ་མིང་བདག་གིས་སྐྱེལ། །

༼སྤྱི་ཏོག་ཕུན་ཚོགས་རབ་བརྟན་ལྷ་ཁང་གི་རྒྱབ་ཁུངས་ལོ་རྒྱུས།༽

༄༅། །དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་གདན་ས་གཉིས་པ་དབང་འདུས་ཕོ་བྲང་གི་མངའ་འོག་ཤར་དར་བརྒྱད་ཀྱི་ནང་གསེས་ཉི་ཤར་རྒེད་འོག་ལུ་ཡོད་པའི་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གྱི་ལྷ་ཁང་འདི་མི་ལོ་༦༠༠ ལྷགཔ་ཅིག་གི་རྒྱལ་རབས་དང་ལྡན་པའི་ལྷ་ཁང་ཅིག་ཨིན།

ལྷ་ཁང་དེ་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་གྲུབ་ཆེན་ཏི་ལི་པ་ཟུང་འཇུག་གི་སྤྲུལ་པ་ཨིན་མི་ཡོངས་གྲགས་སུ་གྲུབ་ཐོབ་ལྕགས་ཟམ་པ་འམ་ཐང་སྟོང་རྒྱལ་པོ་ཞུ་མི་དེ་གིས་སྤྱི་ལོ་༡༤༣༤ སྐོར་ཆ་ལུ་སྤ་རོ་ཟླུམ་བརྩེགས་ལྷ་ཁང་དང་དུས་མཉམ་མཚམས་ཅིག་ལུ་ཕྱག་བཏབ་གནང་ནུག། གྲུབ་ཐོབ་འདི་གིས་འབྲུག་ལུངམ་ཤར་ནུབ་དབུས་གསུམ་གྱི་གཡུས་ཚན་གེ་རའི་ནང་མཆོད་རྟེན་དང་ལྷ་ཁང་ལ་སོགས་པ་བཞེངས་ཏེ་ཞི་བདེ་དང་དགའ་སྐྱིད་ཀྱི་རྩ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་གནང་ཡོདཔ་མ་ཚད་ཆུ་ཆེན་ཚུ་གུ་ལས་ཕར་ལྕགས་ཀྱི་ཟམ་བཙུགསས་ཏེ་རྒྱལ་ཁབ་གོང་འཕེལ་གྱི་མཐུནས་རྐྱེན་བཙུགས་གནང་ཡོདཔ་ལས་བརྟེན། གྲུབ་ཆེན་འདི་ང་བཅས་རའི་འབྲུག་ལུངམ་འདི་ནང་ཆོས་དང་འཇིག་རྟེན་གཉིས་ཆ་རའི་ཐད་ལས་བཀའ་དྲིན་ཆེ་ཤོས་ཅིག་ཨིན།

དེ་གི་ཤུལ་ལས་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་གཏེར་སྟོན་པདྨ་གླིང་པ་ཟུང་འཇུག་གི་ཕྲིན་ལས་ཀྱི་སྤྲུལ་སྐུ་ཨིན་མི་པད་གླིང་གི་གདུང་འཛིན་མཆོག་སྤྲུལ་རིན་པོ་ཆེ་རྒྱལ་སྲས་པདྨ་ཕྲིན་ལས་༼སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པ་༽མཆོག་གིས་སྤྱི་ལོ་༡༦༡༣ ལུ་སྒང་སྟེང་གི་གདན་ས་རྒྱ་བསྐྱེད་གནང་ནི་འགོ་བཙུགས་ཏེ་ལོ་དགུ་སོངམ་ད་སྤྱི་ལོ་༡༦༢༢ ལུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་གྲུབ་པའི་དགའ་སྟོན་སྦེ་པད་གླིང་བླ་རྫོགས་ཐུགས་གསུམ་གྱིས་གཙོས་པའི་བཀའ་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་པའི་སྐབས་ལུ་ཐང་སྟོང་རྒྱལ་པོའི་སྤྲུལ་སྐུ་ལྕགས་ཟམ་པ་༼ལྕགས་ཟམ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་ངག་དབང་ཉི་ཟླ་བཟང་པོ་?༽ཟེར་མི་ཅིག་ཡང་ཆོས་བཀའ་ཞུ་བའི་གྲལ་ལུ་ལྷོད་དེ་ཡོདཔ་ལས་ཁོ་གིས་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་གི་གདན་ས་དེ་རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་ལུ་དབང་ཡོན་གྱི་ཚུལ་སྦེ་ཕུལ་ཡོདཔ་འོང་ནི་ཨིན་མས། གདུང་འཛིན་སྤྲུལ་སྐུ་འདི་ནི་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐུ་མཆེད་གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་དང་ཁོང་སྐུ་མཆེད་གཉིས་ཀྱི་ཡབ་འབྲུག་པ་ཚེ་དབང་བསྟན་འཛིན་གཉིས་ཀྱི་རྩ་བའི་བླམ་ཨིནམ་མ་ཚད་ཞབས་དྲུང་རིན་པོ་ཆེ་གིས་ཡང་བཀུར་བསྟི་སྦོམ་མཛད་གནང་པའི་ལོ་རྒྱུས་རྗེ་མཁན་ཁྲི་རབས་བཅུ་པ་བསྟན་འཛིན་ཆོས་རྒྱལ་གྱིས་བརྩམས་གནང་པའི་བསྟན་འཛིན་ལེགས་དོན་གྱི་རྣམ་ཐར་དང་གདུང་སྲས་འཇམ་དཔལ་རྡོ་རྗེ་གིས་མཛད་པའི་ཞབས་དྲུང་རིན་པོ་ཆེའི་རྣམ་ཐར་ནང་ལས་ཡང་ཐོན་ནི་འདུག།

ཨིན་རུང་ཞབས་དྲུང་རིན་པོ་ཆེ་དང་བླམ་ཁག་ལྔའི་བར་ན་བྱེལཝ་ཐོནམ་ད་ལྕགས་ཟམ་པ་ཡང་བླམ་ཁག་ལྔའི་གྲལ་ཁར་ཚུད་དེ་ཡོདཔ་ལས་བརྟེན་ལྕགས་ཟམ་པ་སློབ་བརྒྱུད་དང་བཅས་པ་གཡུས་བཏོན་བཏང་སྟེ་ལྕགས་ཟམ་པའི་གཞིས་ཚུ་ག་ར་གཞུང་གིས་བཞེས་པའི་སྐབས་སྤྱི་ཏོག་ཁའི་གདན་ས་འདི་ཡང་གཞུང་གིས་བཞེས་ཆིཝ་འོང་ནི་ཨིན་མས།

དེ་གི་ཤུལ་ལས་ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་སྡེ་སྲིད་ཀྱི་ཁྲི་ཐོག་བཞུགས་པའི་སྐབས་བོད་ལས་གཙང་པའི་དམག་འོངམ་ལས་སྡེ་སྲིད་མཆོག་གིས་སྒང་སྟེང་ཆོག་སྤྲུལ་བསྟན་འཛིན་ལེགས་པའི་དོན་གྲུབ་རིན་པོ་ཆེ་ལུ་དམག་བཟློག་གི་རིམ་གྲོ་མཛད་དགོ་པའི་གསོལ་འདེབས་ཕུལཝ་བཞིན་དུ་ལེགས་དོན་རིན་པོ་ཆེ་མཆོག་གིས་སྤུངས་ཐང་ཁ་ལུ་བྱོན་ཏེ་བཀའ་བརྒྱད་ཀྱི་གཏོར་བཟློག་གནངམ་ད་གཏོར་མའི་གུ་ལས་མེ་ཟིམ་འོད་ཆེམ་ཆེ་སྦེ་བྱང་ཕྱད་ཁ་ཐུག་འགྱོ་ས་མི་གེ་ར་གིས་མཐོང་ས་བྱུངམ་མ་ཚད་བོད་དམག་ཡང་དེ་འཕྲལ་བཟློག་ཚུགས་ནུག། དེ་བསྒང་སྡེ་སྲིད་མཆོག་གིས་ད་རེས་བོད་དམག་བཟློག་མི་དེ་སྒང་སྟེང་མཆོག་སྤྲུལ་རིན་པོ་ཆེ་གི་མཐུ་དང་ནུས་པ་ཨིནམ་ལས་མཆོག་སྤྲུལ་རིན་པོ་ཆེ་གིས་དཔལ་ལྡན་འབྲུག་པའི་བསྟན་པ་ལུ་ཞབས་ཏོག་སྦོམ་འབྱོར་ཡི་གསུངས་ཏེ་བཀའ་དྲིན་གཏང་རག་གི་ཡོན་རྒྱ་ཆེཝ་སྦེ་ར་གནང་ནུག།

དེ་ལས་སྤྱི་ལོ་༡༦༨༡ ལུ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་སྡེ་སྲིད་ཁྲི་རབས་བཞི་པའི་གསེར་ཁྲི་གུ་བྱོན་པའི་སྐབས་སྒང་སྟེང་མཆོག་སྤྲུལ་རིན་པོ་ཆེ་ཁྲི་དར་ཕུལ་བར་བཅརཝ་ད་སྡེ་སྲིད་རིན་པོ་ཆེ་གིས་མཆོག་སྤྲུལ་ལུ་ཧེ་མ་ལྕགས་ཟམ་པ་གིས་ཞབས་དྲུང་པདྨ་ཕྲིན་ལས་ལུ་ཕུལ་ཏེ་ཡོད་པའི་གདན་ས་སྤྱི་ཏོག་ཁ་དང་ལེགས་ཁ་སྦིས་ཀྱི་གཞིས་ཁ་གཉིས་ལོག་སྟེ་གནང་ནུག། དེ་སྦེ་གནང་མི་དེ་ཡང་དངཔ་གཅིག་ལུ་མཆོག་སྤྲུལ་རིན་པོ་ཆེ་གི་སྐུ་ཚེ་གོངམ་རྒྱལ་སྲས་པདྨ་ཕྲིན་ལས་མཆོག་སྡེ་སྲིད་བཞི་པ་ཁོ་རའི་ཡབ་ཚེ་དབང་བསྟན་འཛིན་དང་སྐུ་མཆེད་གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་གཉིས་ཀྱི་རྩ་བའི་བླམ་ཨིན་ནི་འདི་གིས་དང་། གཉིས་པ་ཟེརཝ་ད་རྒྱལ་སྲས་པདྨ་ཕྲིན་ལས་རིན་པོ་ཆེ་ལུ་ཞབས་དྲུང་རིན་པོ་ཆེ་གིས་ཡང་ཐུགས་དད་ཆེ་ནི་འདི་གིས་དང་། གསུམ་པ་སོངམ་ད་མཆོག་སྤྲུལ་ལེགས་དོན་རིན་པོ་ཆེ་ཁོ་ར་གིས་ཡང་གོང་ལུ་གསལ་དོ་བཟུམ་དཔལ་ལྡན་འབྲུག་པའི་ཕྱག་ཕྱིད་འབྱོར་ཚུགསཔ་ལས་བརྟེན་ཏེ་བཀའ་དྲིན་དགའ་ཚོར་གྱི་རྟགས་མ་བཟུམ་ཅིག་སྦེ་གནང་གནངམ་ཨིན་མས།

དེ་སྦེ་སྤྱི་ཏོག་ཁའི་གདན་ས་དེ་ལོག་ཐོབ་ཚརཝ་ཅིག་ར་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ལེགས་པའི་དོན་གྲུབ་མཆོག་གིས་སྤྱི་ལོ་༡༦༨༢ ལུ་ལྷ་ཁང་གསར་བཞེངས་ཀྱི་འགྱམ་བཙུགས་ཏེ་ལོ་གསུམ་གྱི་ནང་འཁོད་རྟེན་དང་བརྟེན་པར་བཅས་པ་བཞེངས་གྲུབ་སྟེ་བཀྲ་ཤིས་མངའ་གསོལ་གྱི་རབ་གནས་རྒྱས་ཤིང་རྒྱས་པ་མཛད་གནང་ནུག། དེ་བསྒང་སྡེ་སྲིད་ཁྲི་རིན་པོ་ཆེ་མཆོག་ཡང་དབང་འདུས་ཕོ་བྲང་ལུ་འབུམ་སྡེ་གནང་པར་བྱོན་ཏེ་ཡོདཔ་ལས་གསུང་ཆོག་གི་བརམ་ཅིག་ལུ་ད་རེས་མཆོག་སྤྲུལ་རིན་པོ་ཆེ་གི་གདན་ས་སྤྱི་ཏོག་ཁའི་རབ་གནས་གྲོལ་ནི་ཨིན་གསུངས་ཏེ་སྤྱི་ཏོག་ཁ་ཁ་ཐུག་གི་ནམ་མཁའ་ལུ་གཟིགསཔ་ད་ནམ་མཁའ་ལུ་རྟགས་མཚན་མ་འདྲཝ་ལེ་ཤ་གཟིགསཔ་མ་ཚད་ལྷག་པར་དུ་ཡང་ལྷོ་ནུབ་མཚམས་ལས་འཇའ་ཚོན་འོད་ཟེར་དང་སྦྲགས་ཏེ་སྤྱི་ཏོག་ཁ་ལུ་ཟུག་ཡོདཔ་གཟིགསཔ་ལས་གནམ་མེད་ས་མེད་ཐུགས་དགྱེས་ཏེ། སྤྲུལ་སྐུ་རིན་པོ་ཆེ་ཁོང་གུ་རུ་རིན་པོ་ཆེ་ངོ་མ་ཨིནམ་ལས་རྟགས་མཚན་བཟང་པོ་དེ་བཟུམ་འཐོན་པའི་རེ་བ་ཡང་བསྐྱེད་ཅི་ཐོན་ཡང་ཐོན་ནུག་གསུངས་ཏེ་ཐུགས་དགྱེས་པའི་གསུང་གྲོས་གནང་ནུག།

རྔ་ཡབ་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་བཟུམ་གྱི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་འདི་བཟུམ་ཅིག་འཛམ་གླིང་ནང་ལུ་བཞེངམ་ད་ལུ་འཛམ་གླིང་ནང་གི་སེམས་ཅན་གྱི་བསོད་ནམས་དང་ལྷག་པར་དུ་ལྷ་ཁང་གི་བྱིན་རླབས་ས་གིས་མ་ཐེགཔ་བཟུམ་ཅིག་སྦེ་སྤྱི་ལོ་༡༧༡༤ ལུ་ས་གཡོམ་ཤུགས་ཅན་ཅིག་རྐྱབ་མི་ལུ་བརྟེན་ཏེ་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ལུ་གནོད་སྐྱོན་སྦོམ་ར་བྱུང་ནུག། ཨིན་རུང་མཆོག་སྤྲུལ་རིན་པོ་ཆེ་གིས་ད་རུང་ཡང་ལོག་སྟེ་ར་སྔར་ག་ཨིནམ་སྦེ་བཞེངས་གནང་ནུག།

དུས་དེ་ལས་ཚུར་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་གི་ལྷ་ཁང་དེ་སྒང་སྟེང་སྤྲུལ་སྐུ་རིམ་བྱོན་གྱིས་དགུན་གྱི་བཞུགས་གནས་སྦེ་མཛད་གནང་སྟེ་ད་རེས་འབདཝ་ད་མི་ལོ་༣༠༠ ལྷག་ནུག། འ་ནེམ་ཅིག་ཚུན་ཚོད་ཀྱི་བར་ན་ལྷ་ཁང་འདི་སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་སྐུ་ཉག་ཅིག་གིས་བདག་འཛིན་མཛད་གནང་ཡོདཔ་ཨིན་རུང་སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་བརྒྱད་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་གི་སྐབས་སྤྱི་ལོ་༡༩༤༧ གྱི་ལོ་ནང་ལྷ་ཁང་འདི་ལུ་ས་གཡོམ་གྱིས་གནོད་སྐྱོན་བྱུང་མི་དེ་ལོག་ཉམས་གསོ་ཞུ་མ་ཚརཝ་ལས་སྤྲུལ་སྐུ་ཁོ་ར་དགོངས་པ་རྫོགས་སོངཔ་ལས་བརྟེན། སྤྲུལ་སྐུ་གིས་ལྷ་ཁང་ཉམས་གསོ་ཞུ་འཕྲོ་སྦེ་ཡོད་མི་དེ་མི་དབང་འབྲུག་རྒྱལ་གཉིས་པ་མཆོག་གིས་མཇུག་བསྡུ་གནང་ནུག། སྤྱིར་འབྲུག་རྒྱལ་ཁབ་ཀྱི་མི་སེར་ཡོངས་ལྷག་པར་དུ་ཤར་དར་བརྒྱད་པའི་མི་མང་ཡོངས་ཀྱི་བསོད་ནམས་ཀྱི་བགོ་བསྐལ་དུ་གྱུར་པའི་ཕུན་ཚོགས་རབ་བརྟན་གླིང་གི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་སྤྱི་དང་ལྷག་པར་དུ་ལྷ་ཁང་དེ་ནང་གི་ལྡེབས་རིས་ད་ལྟོ་ང་བཅས་ར་ཀུན་གྱིས་མཇལ་ནི་ཡོད་མི་དེ་ཞིང་གཤེགས་དམ་པ་མི་དབང་འབྲུག་རྒྱལ་གཉིས་པ་མཆོག་གི་ཕྱག་ཤུལ་ཨིན་མས། དེ་འབདཝ་ལས་ལྷ་ཁང་དེ་སྒང་སྟེང་རིན་པོ་ཆེ་གི་བཞུགས་གནས་རྐྱངམ་ཅིག་མིན་པར་མི་དབང་འབྲུག་རྒྱལ་གཉིས་པའི་དྲན་རྟེན་བཟུམ་ཅིག་ལུ་ཡང་གྱུར་ཡོདཔ་ཨིན།

ལྷ་ཁང་དེ་ནང་ལུ་ནང་རྟེན་ཡང་དུས་གསུམ་སངས་རྒྱས་དང་རྒྱལ་བའི་གསུང་རབ་རིན་པོ་ཆེ་བཀའ་འགྱུར་གྱིས་གཙོས་པའི་ནང་རྟེན་བྱིན་རླབས་ཅན་དང་རིན་ཐང་ཅན་ཚད་མེདཔ་ཅིག་བཞུགས་ཡོདཔ་ད་དེ་ཚུ་ཡང་ཉམས་གསོ་ཨ་ཙི་རེ་ཞུ་ཞུཝ་མ་གཏོགས་གཞི་ངོ་མ་དེ་མཆོག་སྤྲུལ་ལེགས་པའི་དོན་གྲུབ་ཀྱི་སྐབས་ལས་བཞེངས་བཞེངམ་ཙང་ཙ་ར་ཨིན་མས། དེ་གི་མ་ཚད་རྒྱལ་ཁབ་ཀྱི་བསྟན་སྤྱི་སྐུ་རིམ་ཡང་རྒྱལ་བའི་བཀའ་འགྱུར་ཟབ་མོ་ལྷག་ནི་དང་གཤིན་རྗེའི་གཏོར་བཟློག་ལ་སོགས་པ་ཚུ་གིས་གཙོས་པའི་སྐུ་རིམ་ཆེ་ཆུང་རྣམ་པ་སྣ་ཚོགས་མང་རབས་ཅིག་གནང་སྲོལ་བཙུགས་གནང་ནུག།

གོང་ལུ་ཞུ་དོཝ་བཟུམ་སྦེ་ལྷ་ཁང་འདི་སྤྱི་ལོ་༡༦༨༢ ལས་ཚུར་སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་སྦེ་མཛད་གནང་ཡོདཔ་ལས་བརྟེན་སྒང་སྟེང་པའི་སྒོམ་ཆེན་ཚུ་གིས་འཛིན་སྐྱོང་མཛད་གནང་ཡོདཔ་ཨིན་རུང་སྤྱི་ལོ་༢༠༠༠ ལོ་ལས་དེ་ཁའི་མི་མང་གིས་ཞུ་བ་ཕུལཝ་བཞིན་དུ་ད་ལྟོ་ཁྲི་ཐོག་བཞུགས་མི་མཆོག་སྤྲུལ་སྐུ་ཕྲེང་དགུ་པ་རིག་འཛིན་ཀུན་བཟང་པདྨ་རྣམ་རྒྱལ་རིན་པོ་ཆེ་མཆོག་གིས་དགེ་སློང་གི་སྡེ་ཅིག་གཞི་བཙུགས་གནང་པའི་ཤུལ་ལས། དུས་ཀྱི་འགྱུར་བ་ལུ་བརྟེན་ཏེ་གིས་སྦེ་སྟབས་བདེ་དོག་དང་བསྟུན་སྒོམ་ཆེན་ཚུ་ཡང་རིམ་གྱིས་དགོངས་ཞུ་འགྱོཝ་ལས་བརྟེན་སྤྱི་ལོ་༢༠༠༨ ལས་སྒོམ་སྡེ་ལས་དགེ་སློང་གིས་ཧྲིལ་བུམ་སྦེ་རྩིས་ལེན་ཡོདཔ་ཨིན།

ད་ལྟོ་ལྷ་ཁང་དེ་ནང་དགེ་སློང་ཞལ་གྲངས་༣༠ དེ་ཅིག་གིས་དྲོ་པ་ཕྱི་རུ་ཨ་རྟག་ར་རྒྱལ་ཁབ་ཀྱི་བསྟན་སྤྱི་སྐུ་རིམ་ལུ་དམིགས་ཏེ་བསངས་དང་གསོལ་མཆོད་ཚུ་རྒྱུན་མ་ཆད་པར་ཕུལ་དོ་ཡོདཔ་མ་ཚད་དུས་མཆོད་འབུམ་སྡེ་ཚུ་ཡང་སྔར་ག་ཨིནམ་རྒྱུན་མ་ཆད་པར་བཟུང་དང་བཟུང་བཞིན་དུ་ཡོད། དེ་འབདཝ་ལས་བརྟེན་ཏེ་ལྷ་ཁང་འདི་རྒྱལ་ཁབ་ཀྱི་བསྟན་སྤྱི་སྐུ་རིམ་བསྒྲུབ་ས་དང་འབྲུག་མི་ཉམ་ཆུང་གི་ཨ་ལོ་ཚུ་ཤེས་ཡོན་ལྷབ་སའི་ལྟེ་བ་ཅིག་ལུ་ཡང་གྱུར་ཡོདཔ་ཨིན།

ཨིན་རུང་སྤྱི་ལོ་༢༠༡༡ གི་ལོ་ནང་ས་གཡོམ་ཤུགས་ཅན་ཅིག་རྐྱབ་མི་དེ་གིས་ལྷ་ཁང་དེ་ལུ་གནོད་སྐྱོན་སྦོམ་སྦེ་ར་ཤོར་ཏེ་ཨིན་ཅི་མིན་ཅི་ཉམས་གསོ་ཞུ་དགོ་པའི་དུམ་ཁར་ལྷོད་ཡོདཔ་བཞིན་དུ་ཉམས་གསོའི་ལཱ་ཚུ་ཡང་འགོ་བཙུགས་ཏེ་ཡོད། དེ་འབདཝ་ལས་གཞུང་ཞབས་ལས་གོང་གསལ་གནད་དོན་ཚུ་ཐུགས་ཁར་བསྣམས་ཏེ་རྒྱལ་རབས་ཅན་གྱི་ལྷ་ཁང་ཉམས་གསོ་དེ་ལུ་མ་དངུལ་གྱི་གྲོགས་རམ་གྱིས་གཙོས་པའི་གྲོགས་རམ་དང་རྒྱབ་སྐྱོར་གང་དྲག་གནང་ཐབས་ཡོང་བའི་གསོལ་འདེབས་ཀྱི་ཆ་རྐྱེན་ལུ་སྤྱི་ཏོག་ཕུན་ཚོགས་རབ་བརྟན་གླིང་ལྷ་ཁང་གི་རྒྱབ་ཁུངས་མདོར་བསྡུས་དེ་ཡིད་ཆེས་ཀྱི་ཁུངས་བཙུན་པའི་རྣམ་ཐར་དང་ལོ་རྒྱུས་ཀྱི་ཡིག་ཆ་ཚུ་ལས་བཏོན་ཏེ་མེ་ཏོག་ཆུང་རུང་མཆོད་པའི་རྫས་སུ་དམིགས་ཏེ་ཕུལཝ་ཨིན༎

ངལ་གསོ་དང་ངལ་འཚོ།

ཀུན་གསལ་གྱིས་ངལ་གསོ་ཟེར་བྲིས་ནུག།༼ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་པའི་ རྒྱལ་ཡོངས་མྱ་ངན་བརྩི་སྲུང་ཞུ་ནིའི་དོན་ལུ་ ནངས་པར་ངལ་གསོ་བཞག་ནི། ཀུན་གསལ།༽ འབྲུག་རྒྱང་བསྒྲགས་ཀྱིས་ངལ་འཚོ་ཟེར་བྲིས་ནུག། ༼ གནམ་དགུན་ངལ་འཚོ་སྐབས་ གཞལམ་སྒང་ལུ་ ལས་རིམ་ག་ནི་ཡང་མེདཔ། འབྲུག་རྒྱང་བསྒྲགས།༽ འདི་གཉིས་ག་བདེན་ག།

ང་གིས་མནོ་བསམ་ཅིག་གཏང་བལྟཝ་ད་ལུ་ ང་བཅས་རའི་ཁ་ལས་ ངལ་གསོ་དང་ངལ་འཚོ་གཉིས་ཆ་ར་སླབ་སྲོལ་ཡོད་དོ་བཟུམ་ཅིག་འདུག

དཔྱེ་འབད་བ་ཅིན་

༡༽ང་འུ་རྡུགས་ཅི། ངལ་ཅིག་འཚོ་དགོས་པས།

༢༽ང་ཁྱིམ་ནང་ལོ་ཆོག་གཏང་པར་འགྱོ་དགོ་པས། དེ་གི་དོན་ལུ་ཉིནམ་གསུམ་གྱི་རིང་ངལ་གསོ་ཞུ་དགོ་པས།

དེ་གཉིས་ལུ་ཁྱད་པར་ག་ཅི་འདུག།?

གནས་ཚུལ་མགུ་རྒྱན་ཞུན་དག།

འོག་ལུ་བཀོད་མི་འདི་ཚུ་འབྲུག་རྒྱང་བསྒྲགས་ཀྱི་ཡོངས་འབྲེལ་ནང་ལས་བཏོན་བཏོནམ་ཨིན།

༡༽ཤེས་རིག་གྲོང་ཁྱེར་ལུ་ཟངས་ཀྱི་རྟགས་མ་ཐོབ་ཡོདཔ།
༼ཤེས་རིག་གྲོང་ཁྱེར་གྱིས་ཟངས་ཀྱི་རྟགས་མ་ཐོབ་ཡོདཔ་༽ཟེར་འབྲི་བ་ཅིན་འོས་འབབ་ཆེ་ནི་མས།
༢༽རྒྱལ་པོ་ཞིང་གི་ས་ཆ་གོ་བཀྲམ་གི་རྩོད་གཞི་ལུ་འཁྲུན་ཆོད་གནང་ནི་ཨིནམ།
༼རྒྱལ་པོ་ཞིང་གི་ས་ཆ་བགོ་བཀྲམ་རྩོད་གཞི་གི་འཁྲུན་ཆོད་འཕྲལ་ར་གནང་ནི་ཨིནམ་༽ཟེར་འབྲི་བ་ཅིན་འོས་འབབ་ཆེ་ནི་མས། ག་ཅི་སྦེ་ཟེར་བ་ཅིན་རྩོད་གཞི་འདི་ལུ་འཁྲུན་ཆོད་གནང་ག་མི་གནང་ཟེར་བའི་དོགས་པ་ཟ་མི་ག་ཡང་མེད། རྩོད་གཞི་ག་ཅི་ར་ཨིན་རུང་ཁྲིམས་ཁང་ནང་རྩོད་བཤེར་བཙུགས་ཚར་ཞིནམ་ལས་འཁྲུན་ཆོད་གནང་ནི་ངེས་བདེན་ཨིནམ་ལས་འཁྲུན་ཆོད་གནང་ནི་འདི་གནས་ཚུལ་མེན། དེ་འབདཝ་ད་འཁྲུན་ཆོད་ནམ་གནང་ནི་ཨིན་ན་འདི་མི་ཚུ་གིས་མི་ཤེས། དེ་འབདཝ་ལས་འདི་གི་སྐོར་ལས་སླབ་ནི་ཡོད་པ་ཅིན་གནས་ཚུལ་ཨིན།
ད་རུང་འདི་ནང་ལུ་སྦྱོར་ཚུལ་གྱི་ནོར་འཁྲུལ་ཅིག་ཡང་འདུག། འཁྲུན་ཆོད་འདི་རྩོད་གཞི་ལུ་གནང་ནི་མེན། རྩ་ཕན་གཉིས་ལུ་གནངམ་ཨིན། དེ་འབདཝ་ལས་༼རྩོད་གཞི་ལུ་འཁྲུན་ཆོད་གནང་ནི་་ཨིནམ་༽ཟེར་མེན་པར་༼རྩོད་གཞི་གི་འཁྲུན་ཆོད་གནང་ནི་ཨིནམ་༽ཟེར་བ་ཅིན་འོས་འབབ་ཆེ་ནི་མས།
༣༽མི་སྡེའི་དཔེ་མཛོད་ཀྱིས་སློབ་ཕྲུག་ཚུ་ཕན་ཐོགས་དོ་ཡོདཔ།
༼མི་སྡེའི་དཔེ་མཛོད་ཀྱིས་སློབ་་ཕྲུག་ཚུ་ལུ་ཕན་ཐོགས་དོ་ཡོདཔ་༽ཟེར་འབྲི་དགོ། ག་ཅི་སྦེ་ཟེར་བ་ཅིན་ཕན་ཐོགས་ཟེར་མི་འདི་བྱ་བ་ཅིག་ཨིན། བྱ་བ་དེ་གི་འཇུག་ཡུལ་འདི་སློབ་ཕྲུག་ཚུ་ཨིན་མས། ཕན་ཐོགས་པའི་བྱ་བ་འབད་མི་འདི་དཔེ་མཛོད་ཨིནམ་སྟོན་ནིའི་དོན་ལུ་བྱེད་སྒྲའི་ཕྲད་སྦྱར་ནུག། དེ་བཟུམ་སྦེ་ཕན་ཐོགས་པའི་ཡུལ་སློབ་ཕྲུག་ཨིནམ་སྟོན་ནིའི་དོན་ལུ་ཡང་ཕྲད་ཅིག་སྦྱར་དགོ། འ་ནི་གི་ཕྲད་དེ་ལ་དོན་གྱི་ཕྲད་༼ལུ་༽ལས་གཞན་འགྱོ་ས་མེད།
༤༽སེམས་རྟོགས་ཁ་གི་སློབ་ཕྲུག་ཚུ་སྟག་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སྤོ་ཡོདཔ།
༼སེམས་རྟོགས་ཁ་རྒྱལ་ཡོངས་སྐད་ཡིག་དང་ལམ་སྲོལ་སློབ་གྲྭ་སྟག་རྩེ་ལུ་སྤོ་ཡོདཔ།༽ཟེར་འབྲི་དགོ་ནི་མས། ག་ཅི་སྦེ་ཟེར་བ་ཅིན་སློབ་ཕྲུག་ཚུ་འདི་ཨ་རྟག་ར་སྤོཝ་སྤོ་ས་ར་ཨིན། དུས་ཅི་སྤོ་མི་འདི་སློབ་ཕྲུག་རྐྱངམ་ཅིག་མིན་པར་སློབ་གྲྭ་འདི་ར་སྤོ་ཡར་སོ་ནུག། ཁྱེད་ཀྱི་སེམས་ཁ་ལུ་སློབ་གྲྭ་འདི་མ་སྤོ་བས་ཟེར་མནོ་དོ་འོང་ནི་མས། སློབ་གྲྭ་ཟེར་མི་འདི་སློབ་སྟོན་དང་སློབ་སྦྱོང་འབད་སའི་ས་ཁོངས་ལུ་སླབ་ཨིན། འ་ནི་སྤོ་ཡར་སོང་པ་ཅིན་སློབ་གྲྭ་སྤོཝ་ཨིན། སློབ་གྲྭ་སྤོ་ཡི་ཟེརཝ་ད་ཁྱིམ་འདི་ཚུ་ཡང་ག་ར་ཤུབས་ཏེ་འབག་འགྱོ་མི་དགོ།
དཔྱེ་འབད་བ་ཅིན་ དབང་འདུས་སྒང་སྟེང་ཐང་ཁའི་ཁྲོམ་སྦ་ཇོ་ལུ་སྤོ་བཏངམ་ད། སྒང་སྟེང་ཐང་ཁའི་ཁྱིམ་ཚུ་བཤུབས་ཏེ་སྦ་ཇོ་ལུ་བསྐྱལ་བསྐྱལཝ་མེན། སྒང་སྟེང་ཐང་ཁའི་ཁྱིམ་འདི་ཚུ་བཤུབས་བཏང་བཏངམ་བདེན་རུང་། སྦ་ཇོ་ལུ་ཁྱིམ་གསརཔ་རྐྱབ་རྐྱབ་ཨིན།
༥༽ཚར་བཟོའི་ལཱ་འབད་མི་ མར་ཕབ་འགྱོ་དོ་ཡོདཔ།
༼ཚར་བཟོའི་ལཱ་འབད་མི་མར་འབབ་འགྱོ་དོ་ཡོདཔ་༽ཟེར་འབྲི་དགོ་ནི་བཟུམ་མཐོང་མས། མི་ཅིག་གིས་མར་ཕབ་བཏང་བཏངམ་ཨིན་པ་ཅིན་༼ཕབ་༽ཟེར་འབྲི་ནི་དང་ག་གིས་ཡང་ཕབ་ཕབ་མེད་རུང་ཁོ་ར་གིས་ར་འབབ་ཡར་སོ་མི་འདི་ལུ་༼འབབ་༽ཟེར་འབྲི་བ་ཅིན་འོས་བབས་ཆེ་ནི་མས། དཔྱེ་འབད་བ་ཅིན་ ང་གིས་ཕབ་ཅི། ཁོ་ར་གིས་ར་འབབ་ཡར་སོ་ཡི། ཟེར་དོ་བཟུམ་ཨིན་ནོ༎ 

དེ་སྦེ་བྲིས་མི་འདི་ཡང་ང་ར་མཁས་ཉམས་སྟོན་ནི་དང་འབྲུག་རྒྱང་བསྒྲགས་དམའ་ཕབ་རྐྱབ་ནི་གི་དོན་ལུ་མིན་པར་ག་ར་ལུ་ཕན་ཐོགས་ཅིག་ཡོད་པ་ཅིན་མནོ་སྟེ་བྲིས་བྲིཝ་ཨིན། ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་དེ་ལུ་འབྲི་ཐངས་ཀྱི་ལམ་ལུགས་དེ་དང་དེ་ཟེརཝ་ཅིག་མེད་མི་ལུ་བརྟེན་ཏེ་གཅིག་འགྱུར་གྱི་འབྲི་ཐངས་ཅིག་རྩ་ལས་ར་འོང་མི་སྲིད་ནི་མས། གལ་སྲིད་རྫོང་ཁའི་འབྲི་ཐངས་ཀྱི་ལམ་ལུགས་ཚུལ་མཐུན་ཅིག་མེད་པ་ཅིན་རྫོང་ཁའི་འབྲི་ཐངས་གཅིག་འགྱུར་མི་འོང་ནི་དང་། གཅིག་འགྱུར་མེད་པ་ཅིན་རྒྱལ་ཡོངས་སྐད་ཡིག་གི་ཁྱད་ཆོས་ཡང་མི་ཚང་། ལྷག་པར་དུ་ཡང་ཁ་ལས་སླབ་ནི་དང་ཡིག་ཐོག་འབྲི་ནི་གཉིས་ཀྱི་བར་ན་ཐག་རིངམ་ཐལ་མྱོ་བ་ཅིན་དེ་ལས་ཡིག་ཐོག་བྲིས་ཏེ་ཡོད་པའི་རྫོང་ཁ་འདི་རྫོང་ཁའི་རྩོམ་པ་པོ་དག་པ་ཅིག་རྐྱངམ་གཅིག་གི་སྐད་ཡིག་ལུ་འགྱུར་འོང་། འ་ནི་སྦེ་འབད་ནི་འདི་གིས་གོང་གི་དེ་ཚུ་ལྷག་བསམ་རྣམ་དག་གི་ཐོག་ལས་བྲིས་བྲིཝ་ཨིནམ་མ་གཏོགས་དེ་ལས་གཞན་ཀུན་སློང་སོ་སོ་ག་ནི་ཡང་མེད། དེ་སྦེ་འབད་ནི་འདི་གིས་འབྲུག་རྒྱང་བསྒྲགས་ཀྱིས་ངེ་གི་ཟིན་བྲིས་འདི་གཟིགས་པ་ཅིན་ཐུགས་ལུ་རྣམ་རྟོག་དང་དོགས་པ་བཞེས་མ་གནང་ཟེར་ཞུ་ནི་ཨིན།

ལོ་གསར་ལུ་བཀྲ་ཤིས་བདེ་ལེགས།


ཉིན་པར་བཀྲ་ཤིས་བགེགས་ཞི་བསམ་དོན་འགྲུབ།  །མཚན་མོར་བཀྲ་ཤིས་རྨི་ལམ་བཟང་དགུ་མཐོང་།  །དུས་ཀུན་བཀྲ་ཤིས་སྙན་གྲགས་རླུང་རྟ་སྤེལ།  །རྣམ་ཀུན་བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག།  །ལྷ་ཡི་བཀྲ་ཤིས་ངོ་མཚར་འབྲུག་ལྟར་སྒྲོགས།  །ཀླུ་ཡི་བཀྲ་ཤིས་དཔལ་འབྱོར་མཚོ་ལྟར་བསྐྱིལ།  །མི་ཡི་བཀྲ་ཤིས་དཀར་ཆོས་རྣམ་པར་འཕེལ།  །ཀུན་ཀྱང་བཀྲ་ཤིས་ཆོས་སྲིད་བརྟན་པར་ཤོག།  །བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཕུང་འཁྲིགས།  །ཡི་དམ་བཀྲ་ཤིས་གྲུབ་གཉིས་ཆར་དུ་བསྙིལ།  །མཁའ་འགྲོའི་བཀྲ་ཤིས་འཕྲིན་ལས་རྩི་སྨན་རྒྱས།  །རྩ་གསུམ་བཀྲ་ཤིས་དོན་གཉིས་ལྷུན་གྲུབ་ཤོག།  །སངས་རྒྱས་བཀྲ་ཤིས་སྤངས་རྟོགས་བཅུད་ཀྱིས་གཏམ།  །དམ་ཆོས་བཀྲ་ཤིས་བདེན་གཉིས་འདོད་པ་འཇོ།  །དགེ་འདུན་བཀྲ་ཤིས་ཉེས་པའི་གདུང་ཀུན་སེལ།  །མཆོག་གསུམ་བཀྲ་ཤིས་སྲིད་ན་བརྟན་པར་ཤོག།  །ཆོས་སྐུའི་བཀྲ་ཤིས་ཟག་མེད་གཏེར་གྱི་འབྱོར།  །ལོངས་སྐུའི་བཀྲ་ཤིས་རྟག་བརྟན་ལྷུན་གྱིས་གྲུབ།  །སྤྲུལ་སྐུའི་བཀྲ་ཤིས་འདུལ་བཞིའི་ཕྲིན་ལས་རྒྱས།  །སྐུ་གསུམ་བཀྲ་ཤིས་འབད་མེད་ལྷུན་གྲུབ་ཤོག།  །སོ་ཐར་བཀྲ་ཤིས་ངེས་འབྱུང་ཞིང་ས་གཤིན།  །བྱང་སེམས་བཀྲ་ཤིས་གཞན་ཕན་མྱུ་གུ་རྒྱས།  །གསང་སྔགས་བཀྲ་ཤིས་རིམ་གཉིས་འབྲས་བུས་ཕྱུག།  །སྡོམ་གསུམ་བཀྲ་ཤིས་བསླབ་གསོ་གོང་འཕེལ་ཤོག།  །ཐོག་མར་བཀྲ་ཤིས་གཞི་རྒྱུད་བཻ་ཌུརྻ།  །བར་དུ་བཀྲ་ཤིས་ལམ་རྒྱུད་བྱི་དོར་མཁས།  །ཐ་མར་བཀྲ་ཤིས་འབྲས་རྒྱུད་འདོད་པ་འཇོ།  །དུས་གསུམ་བཀྲ་ཤིས་རྟག་བརྟན་ལྷུན་གྲུབ་ཤོག།  །བླ་མའི་བཀྲ་ཤིས་སྨིན་གྲོལ་གདམས་ཟབ་འཇོ།  །སློབ་མའི་བཀྲ་ཤིས་དད་དམ་རྣམ་པར་དག།  །བླ་སློབ་བཀྲ་ཤིས་བཤད་སྒྲུབ་ཕྱོགས་སུ་འགྲིགས།  །རྒྱལ་བསྟན་བཀྲ་ཤིས་སྲིད་མཐར་འཕེལ་རྒྱས་ཤོག།  །སྣོད་ཀྱི་བཀྲ་ཤིས་དགེ་བཅུ་གཡང་དུ་འཁྱིལ།  །བཅུད་ཀྱི་བཀྲ་ཤིས་ཚེ་དཔལ་འབྱོར་ཚོགས་རྒྱས།  །སྣོད་བཅུད་བཀྲ་ཤིས་རྟེན་འབྱུང་གཅིག་ཏུ་ཚོགས།  །ཐར་གྲོལ་བཀྲ་ཤིས་འབྲས་བུས་འབྱོར་པར་ཤོག།  །མཆོད་གནས་བཀྲ་ཤིས་བསྡུ་བཞིའི་ཕྲིན་ལས་རྒྱས།  །ཡོན་བདག་བཀྲ་ཤིས་སྡེ་བཞིའི་མངའ་ཐང་དར།  །མཆོད་ཡོན་བཀྲ་ཤིས་རྣམ་དཀར་འབྲས་བུས་ཕྱུག།  །ཀུན་ཀྱང་བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་ཤོག། 

སྨོན་ལམ་འདི་མི་ཕམ་རིན་པོ་ཆེ་གིས་གསུངས་པའི་བཀྲ་ཤིས་བརྒྱད་པའི་མཆོད་ཆོག་ནང་ལས་བཏོན་ཏེ་ལོ་གསར་བརྩི་མི་ཡོངས་ལུ་ཕུལཝ་ཨིན།