སྨན་རི་དགོན་པ་འདི་དུས་རབས་༡༥ པའི་ནང་ལུ་གྲུབ་དབང་རིན་ཆེན་ཆོས་རྡོར་གྱིས་ཕྱག་བཏབ་གནང་ནུག། གྲུབ་དབང་འདི་སྤ་རོ་ལས་རིགས་རུས་མཐོ་བའི་མི་ཚན་གཅིག་ལས་འཁྲུངས་ཡོདཔ་དང་། ཕྱག་རྫོགས་གཉིས་ཟུང་འཇུག་སྦེ་ཉམས་ལེན་གནང་མི་བླམ་གྲུབ་ཐོབ་ཅིག་ཨིན་མས། ལྷག་པར་དུ་ཡང་གཏེར་སྟོན་པདྨ་གླིང་པའི་ཞབས་སར་བཅར་ཏེ་ཟབ་ཆོས་རྫོགས་པ་ཆེན་པོ་ཉམས་ལེན་གནང་བཞུགསཔ་ད། གཏེར་སྟོན་གྱིས་མ་འོངས་པ་ནང་སློབ་མ་གཏེར་སྟོན་རྣམ་གཉིས་འབྱུང་ནི་ཨིན་པའི་ལུང་བསྟན་དང་བཅས། པད་གླིང་གཏེར་ཆོས་བླ་རྫོགས་ཐུགས་གསུམ་གྱི་ནང་ལས་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་འདུས་ཀྱི་ཆོས་བདག་སྦེ་མངའ་གསོལ་གནང་ཡོདཔ་ཨིན་མས།
འདི་གིས་འབད་ཞིནམ་ལས་གཏེར་སྟོན་པདྨ་གླིང་པའི་དཀྱིལ་འཁོར་འཛིན་པའི་བུ་བདུན་གྱི་ནང་གསེས། གཏེར་སྟོན་ཚེ་རིང་རྡོ་རྗེ་དང་། གཏེར་སྟོན་ངག་དབང་གྲགས་པ་གཉིས་ཀྱིས་ཡང་རྩ་བའི་བླམ་སྦེ་བསྟེན་ནུག། ལུང་བསྟན་ཀུན་གསལ་མེ་ལོང་ནང་ལས། གཏེར་སྟོན་བས་ཀྱང་གཏེར་སློབ་བཟང་༔ གཏེར་སློབ་བས་ཀྱང་ཡང་སློབ་བཟང་༔ ཟེར་གསུངས་དོ་བཟུམ་གྲུབ་དབང་འདི་གཏེར་སྟོན་རང་ལས་ལྷག་པའི་གཏེར་སློབ་དང། གོང་གི་གཏེར་སྟོན་རྣམ་གཉིས་འདི་གཏེར་སློབ་རང་ལས་ལྷག་པའི་ཡང་སློབ་ཨིནམ་སྦེ་བརྩིཝ་ཨིན་མས།
སྨན་རི་དགོན་པ་འདི་གི་མཚན་ལུ་སྨད་རི་དགོན་པ་དང་སྨན་རི་དགོན་པ་ཟེར་ཡིག་སྡེབས་མ་འདྲཝ་གཉིས་ཐོནམ་ཨིན་མས། ངག་རྒྱུན་ལྟར་འབད་བ་ཅིན་གྲུབ་དབང་རིན་ཆེན་ཆོས་རྡོར་གྱིས་སྨན་གྱི་སྒྲུབ་པ་གནང་ནི་འདི་གིས་སྨན་སྒྲུབ་དགོན་པ་ཟེར་སླབ་སྲོལ་བྱུང་ཡོདཔ་སྦེ་བཤདཔ་ཨིན་མས། ཨིན་རུང་ཁུངས་ལྡན་གྱི་ལོ་རྒྱུས་ཚུ་དང་འཁྲིལཝ་ད་དགོན་པ་འདི་སྒྲུབ་སྡེ་ཅིག་ཨིནམ་མ་ཚད་གྲུབ་དབང་མཆོག་ཡང་སྒྲུབ་པ་ལུ་བརྩོན་བཞུགས་མི་ཅིག་ཨིནམ་མ་གཏོགས་གྲོང་ཆོག་དང་དབང་བསྐུར་ཆོས་བཤད་སོགས་མཛད་ནི་ལུ་ཐུགས་མ་མཉེས་མི་ཅིག་ཨིན་མས། ག་དེ་སྦེ་ར་ཨིན་རུང་སྨན་རི་སྒྲུབ་སྡེ་འདི་ནང་ལུ་གྲུབ་དབང་ཁོ་རའི་སྐུ་ཐོག་ལུ་ར་སྒྲུབ་པ་ལུ་བརྩོན་མི་བརྒྱ་ལྷགཔ་སྦེ་བཞུགས་ཡོདཔ་མ་ཚད། གྲུབ་པ་ཐོབ་མི་ཡང་གཏེར་སྟོན་ཚེ་རིང་རྡོ་རྗེ་གིས་གཙོས་པའི་མིང་ཅན་དང་མིང་མེད་ལེ་ཤ་བྱུང་ནུག།
སྒྲུབ་སྡེ་འདི་ནང་གཏེར་སྟོན་པདྨ་གླིང་པའི་ཐུགས་སྲས་གྲགས་པ་རྒྱལ་མཚན་དང་ཟླ་བ་རྒྱལ་མཚན། གཏེར་སྟོན་མཆོག་ལྡན་མགོན་པོ་ཚུ་གིས་ཡང་ཞབས་ཀྱིས་བཅགས་གནང་ནུག། གཏེར་སྟོན་ཚེ་རིང་རྡོ་རྗེ་མཆོག་གྲུབ་དབང་རིན་པོ་ཆེའི་རྒྱལ་ཚབ་དང་ལྷག་པར་དུ་ཡང་སྨན་རི་སྒྲུབ་སྡེའི་རྡོ་རྗེ་སློབ་དཔོན་སྦེ་དབང་བསྐུར་ཏེ་སྨན་རི་སྒྲུབ་སྡེ་འདི་རྩིས་སྤྲོད་གནང་ཡོདཔ་ཨིན་རུང་། གཏེར་སྟོན་མཆོག་གིས་གདོང་དཀར་འོད་གསལ་རྩེ་མོ་ཕྱག་བཏབ་གནང་ཞིནམ་ལས་གྲུབ་དབང་དཔོན་སློབ་ག་ར་གདོང་དཀར་ལ་ལུ་གནས་སྤོ་མཛད་དེ་སྨན་རི་སྒྲུབ་སྡེ་འདི་ཚར་གཅིག་སྟོངམ་སྦེ་ལུས་སོ་ནུག།
གཏེར་སྟོན་ངག་དབང་གྲགས་པ་གྲུབ་དབང་རིན་པོ་ཆེའི་སྐུ་མདུན་ལྷོད་ཞིནམ་ལས། གྲུབ་དབང་རིན་པོ་ཆེ་མཆོག་གིས་བོད་མོ་རིའི་གདན་ས་བཏབ་སྦེ། བོད་མོ་རི་དང་སྨན་རི་སྒྲུབ་སྡེ་གཉིས། གཏེར་སྟོན་ངག་དབང་གྲགས་པ་ལུ་རྩིས་སྤྲོད་གནང་ནུག། གྲུབ་དབང་རིན་ཆེན་ཆོས་རྡོར་དགོངས་པ་རྫོགས་པའི་ཤུལ་ལས། ལྷོ་གླིང་ཁ་པའི་མི་སེར་ཚུ་གིས་ཡང་། སྨན་རི་སྒྲུབ་སྡེ་འདི་གཏེར་སྟོན་ངག་དབང་གྲགས་པ་ལུ་ཕུལ་ཏེ། དེ་ཁར་གཙུག་ལག་ཁང་ཅིག་བཞེངས་གནང་དགོ་པའི་ཞུ་བ་ཕུལཝ་ལས་བརྟེན། གཏེར་སྟོན་ངག་དབང་གྲགས་པ་མཆོག་གིས་གཙུག་ལག་ཁང་རྩ་བ་ལས་གསར་བཞེངས་མཛད་དེ། མཚན་ཟབ་དོན་ཆོས་གླིང་ཟེར་བཏགས་གནང་ནུག། གཙུག་ལག་ཁང་གསར་བཞེངས་གྲུབ་པའི་ཤུལ་ལས་ཡང་ཐུགས་སྲས་ཟླ་བ་དང་། གྲགས་རྒྱལ། གསང་བདག གཏེར་སྟོན་ཚེ་རིང་རྡོ་རྗེ་ཚུ་གིས་ཞབས་ཀྱིས་བཅགས་ཏེ། སྒྲུབ་པ་སྒྲུབ་ཆེན་བཙུགས་པ་ལ་སོགས་པའི་སྒོ་ལས་བྱིན་གྱིས་རླབས་གནང་ནུག།
གཙུག་ལག་ཁང་འདི་ལུ་ཉམས་ཆག་ཤོར་བའི་ལོ་རྒྱུས་དང་ཉམས་གསོ་ག་དེ་སྦེ་མཛད་མཛདཔ་ཨིན་ན་གི་ལོ་རྒྱུས་ཚུ་ག་ནི་ཡང་མེད་རུང་། སྔར་གྱི་ལྷ་ཁང་དེ་ཉམས་ཆག་ཤོར་སོངཔ་འོངམ་ཐག་ཆོད་པས། དེ་ཡང་ཧེ་མའི་ལྷ་ཁང་ནང་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས། གུ་རུ་རིན་པོ་ཆེའི་རྣམ་ཐར། ཀུན་མཁྱེན་དྲི་མེད་འོད་ཟེར་ལུ་སྙིང་ཏིག་བརྒྱུད་པའི་བླ་མས་སྐོར་བ། རྡོ་རྗེ་འཆང་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་བརྒྱུད་པས་སྐོར་བ། དྲུང་དྲུང་རིན་པོ་ཆེ་ལ་བརྒྱུད་པ་དྲུག་ལྡན་གྱི་བསྐོར་བ། རྩ་བའི་བླ་མ་ལ་ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་གྱི་བརྒྱུད་པས་སྐོར་བ། མགོན་པོ་ཚེ་དཔག་མེད་ལ་མཁའ་འགྲོ་སྙིང་ཏིག་ལུགས་ཀྱི་ཚེའི་བརྒྱུད་པས་སྐོར་བ། དཔལ་སྔགས་ཀྱི་བདག་མོ་ལ་དམ་ཅན་སྡེ་ལྔས་བསྐོར་ཏེ་ཡོད་པའི་ལྡེབས་རིས་ཚུ་བཞེངས་ཡོད་ལུགས་ལུ་བལྟ་བ་ཅིན་ཧེ་མ་ལྷ་ཁང་སྦོམ་ཅིག་ར་སྡོད་སྡོདཔ་འོང་ནི་མས། ད་ལྟོའི་ནང་ལུ་དེ་བཟུམ་གྱི་ལྡེབས་རིས་ཚུ་ག་ནི་ཡང་མཇལ་ནི་མིན་འདུག།
གོང་ལུ་བཀོད་དོ་བཟུམ་སྦེ་དགོན་གནས་འདི་གྲུབ་དབང་རིན་ཆེན་ཆོས་རྡོར་གྱི་གདན་ས་ཨིན་རུང་། གྲུབ་དབང་རིན་པོ་ཆེ་གིས་གཏེར་སྟོན་ངག་དབང་གྲགས་པ་ལུ་གནང་ཡོདཔ་མ་ཚད། ལྷོ་གླིང་ཁ་པའི་ཡོན་བདག་ཚུ་གིས་ཡང་ཁོ་ལུ་ཕུལཝ་བཞིན་དུ། ཁོ་གིས་ཡང་གཙུག་ལག་ཁང་གསར་བཞེངས་གནང་སྟེ་ཆོས་སྡེ་ཅིག་བཙུགས་གནང་ཡོདཔ་ཨིན་རུང་། ཁོ་གི་ཡང་སྲིད་གནས་ཕུ་སྤྲུལ་སྐུ་རིམ་བྱོན་ཚུ་གིས་བདག་འཛིན་ཅིག་མ་མཛདཔ་འོང་ནི་མས།
སྤྱི་ལོ་༢༠༠༩ ཚུན་ཚོད་ལུ་ལྷོ་གླིང་ཁ་པའི་མི་སེར་དམངས་ཀྱིས་སྦེ་བདག་འཛིན་འཐབ་སྡོད་ནུག། ཨིན་རུང་དེང་དུས་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ལྷོ་གླིང་ཁ་པའི་མི་སེར་ཚུ་ག་ར་ཡར་རྒྱས་ཀྱི་མཐུན་རྐྱེན་འཛོམས་སར་གནས་སྤོ་སོང་སྟེ་གཡུས་ཁར་སྡོད་མི་མེད་པ་ལུ་བརྟེན་ཏེ་ལྷ་ཁང་འདི་ལྟ་རྟོག་འབད་མི་མེད་པར་ཉམས་ཆག་ཤོར་བའི་ཚ་གྱང་གིས་ལྷོ་གླིང་ཁ་པའི་མི་སེར་དམངས་མོས་མཐུན་ཐོག་སྤྱི་ལོ་༢༠༠༩ ལུ་སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་ཀུན་བཟང་པདྨ་རྣམ་རྒྱལ་ལུ་ཕུལ་ནུག། དུས་དེ་ལས་ཚུར་སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་གིས་སྒང་སྟེང་བཤད་གྲྭ་ནང་ལས་བསླབ་པ་མཐར་སོན་པའི་སློབ་དཔོན་རིན་ཆེན་རྣམ་གསུམ་གྱི་གྲངས་ལྡན་བཏང་གནང་སྟེ་ལྷ་ཁང་འདི་སྐྱབས་རྗེ་རིན་པོ་ཆེའི་ལམ་སྟོན་འོག་ལུ་སློབ་དཔོན་གསུམ་གྱིས་འཛིན་སྐྱོང་མཛད་གནངམ་ཨིན་མས།
སློབ་དཔོན་གསུམ་གྱིས་སྤྱིར་རྒྱལ་ཁབ་ཀྱི་ཆབ་འབངས་ཡོངས་དང་སྒོས་སུ་སྤར་ལུང་པའི་མི་མང་བདེ་ཐབས་ཀྱི་ཞབས་རིམ་དང་འདྲཝ་སྦེ་དྲོཔ་ཕྱི་རུའི་བསང་གསོལ་ལས་འགོ་བཙུགས་ཏེ་ལོ་ལྟར་གྱི་དུས་མཆོད་འབུམ་སྡེ་ཚུ་སྔར་སྲོལ་ལྟར་རྒྱུན་མ་ཉམས་པར་བཟུང་དོ་ཡོདཔ་ཨིན་མས།
ལྷ་ཁང་འདི་སྤ་རོ་ཤར་པ་ལས་གདོང་དཀར་ལ་འགྱོ་སའི་ལམ་བདའ་སྟེ་ཀི་ལོ་མི་ཏྲར་༡༠ དེ་ཅིག་འགྱོཝ་ད་ལྷོ་གླིང་ཁའི་གཡུས་ཚན་གྱི་ལྟག་ལུ་འཁོར་ལམ་གྱི་འོག་ལུ་ར་ཡོད། ལྷ་ཁང་འདི་ནང་ལུ་ཧེ་མ་གྲུབ་དབང་རིན་ཆེན་ཆོས་རྡོར་གྱིས་སྨན་བརྟུལ་གནང་གནངམ་གི་རྡོ་གཞོང་ཨིན་ཟེར་རྡོ་གཞོང་ལ་ཝང་གི་དབྱིབས་ཅན་ཅིག་འདུག། མི་ཚུ་གིས་འདི་གུ་ལས་སྔགས་མར་ཞུ་འབགཔ་ཨིན་མས། སྔགས་མར་འདི་གིས་ཀླུ་དང་གདོན་གྱིས་གདོན་ཏེ་ཐོན་པའི་རྨ་ཁ་ཚུ་དྲག་ཚུགསཔ་ཨིན་ཟེར་སླབ་སྲོལ་འདུག། ག་ལས་བསྐོར་རུང་ལྷ་ཁང་འདི་རྒྱ་དང་བོད་ག་ཏེ་ཡང་མ་བྱོན་པར་འབྲུག་ལས་ར་འཁྲུངས་ཏེ་འབྲུག་ལུ་ར་གྲུབ་པ་ཐོབ་པའི་བླམ་ཅིག་གིས་བཞེངས་གནང་གནངམ་ཨིནམ་མ་ཚད། འབྲུག་པའི་གཏེར་སྟོན་གཉིས་གཉིས་དེ་རེ་ལྷ་ཁང་འདི་ནང་ལས་བྱུང་ཡོདཔ་ལས། རྒྱལ་ཁབ་ནང་ལུ་དགོན་སྡེ་རྩ་ཆེ་ཤོས་ཅིག་ཨིན་མས༎
1 comment:
སློ་དཔོན་གྱིས་ཞིབ་འཚོལ་འབད་དེ་བྲིས་ཡོད་པའི་ སྨན་རི་དགོན་པའི་རྒྱབ་ཁུངས་འདི་ སྤྱིར་བཏང་མི་མང་ལུ་ཁྱབ་སྤེལ་འབད་ཚུགས་ནིའི་དོན་ལུ་ ངེའི་ཡོངས་འབྲེལ་ནང་འདྲ་བཤུས་ཕོབ་སྟེ་བཙུགས་ཡོདཔ་ལས་ དགོངས་ཁྲེལ་མེད་པའི་སྙན་འབུལ་ཞུཝ་ཨིན་ལགས།
Post a Comment