ཨོཾ་བདེ་ལེགས་སུ་གྱུར་ཅིག །དཀར་བརྒྱུད་རིན་ཆེན་རྒྱལ་གྱུར་ཅིག །འདས་པའི་སངས་རྒྱས་ཆོས་ཀྱི་དབྱིངས་སུ་བཞུགས། །མ་འོངས་སངས་རྒྱས་འགྲོ་བའི་དོན་ལ་དགོངས། །ད་ལྟའི་སངས་རྒྱས་སེམས་ཅན་འགྲོ་དོན་མཛད། །དུས་གསུམ་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །གནས་ཁྱད་པར་དུ་འཕགས་པའི་རྟ་མགོ་འདི། །ལྗོངས་གངས་ཆེན་མགུལ་ནས་ལུང་བསྟན་མཛད། །ལྷོ་ཕྱོགས་ཡངས་པའི་ཞིང་ཁམས་ན། །ས་ཁྱད་དུ་འཕགས་པའི་རྟ་མགོ་འདི། །སྟེང་ལྷ་གནས་སུམ་ཅུ་རྩ་གསུམ་ནས། །མཆོད་རྟེན་ཚུལ་དུ་བབས་པ་འདྲ། །འོག་མ་དྲོས་ཀླུ་ཡི་ཕོ་བྲང་ནས། །ཡིད་བཞིན་ནོར་བུའི་ཚུལ་དུ་སྐྱེས་པ་འདྲ། །བར་འཛམ་གླིང་ཡངས་པའི་ཞིང་ཁམས་ན། །ཡི་དམ་གྱི་ཚུལ་དུ་བཞེངས་པ་འདྲ། །འོག་ས་གདན་གྲུ་གསུམ་དཀྱིལ་འཁོར་འདི། །དེ་ཡི་དམ་སྒྲུབ་ཐག་ཉེ་བའི་རྟགས། །རྒྱབ་རྫོང་ཁ་སྤང་རི་མཐོ་ལ་ཡངས། །དེ་དཀར་རྒྱུད་ཀྱི་དབུ་འཕངས་མཐོ་བའི་རྟགས། །མདུན་ནི་རིན་ཆེན་སྤུངས་པ་འདྲ། །དེ་མི་ཟད་གཏེར་དུ་སྤྱོད་པའི་རྟགས། །གཡས་གནས་ཆེན་མི་འགྱུར་རྡོ་རྗེ་གདན། །དེ་མཚན་ལྡན་སྐུ་ཚེ་བརྟན་པའི་རྟགས། །གཡོན་ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆབ། །དེ་སྐལ་ལྡན་ཆོས་ཀྱིས་ཚིམ་པའི་རྟགས། །དབུས་ན་མི་འགྱུར་རྡོ་རྗེའི་ཕུག །དེ་ཆོས་སྐུ་འགྱུར་བ་མེད་པའི་རྟགས། །འོག་ན་སྐྱིད་ཕུག་ཉི་མ་རྫོང་། །དེ་ཞི་གནས་བསམ་གཏན་འཕེལ་བའི་རྟགས། །སྟེང་ན་རྟ་མཆོག་ནམ་མཁའི་དབྱིངས། །དེ་ཁམས་གསུམ་དབང་དུ་སྡུད་པའི་རྟགས། །གཡས་རྫ་རི་གཟར་ལ་རྩུབ་པ་དེ། །དཔའ་བོ་དབང་དུ་འདུ་བའི་རྟགས། །གཡོན་ན་དབང་ཕྱུག་ཟིལ་གནོན་སྐུ། །དེ་དཔའ་མོ་དབང་དུ་འདུ་བའི་རྟགས། །དབུས་ན་མཁའ་འགྲོ་གསང་བ་ཕུག །དེ་ཆོས་བདག་མཁའ་འགྲོས་བྱེད་པའི་རྟགས། །འོག་ན་མགོན་ཁང་བསིལ་བ་ཚལ། །དེ་ཆོས་སྐྱོང་དབང་དུ་འདུ་བའི་རྟགས། །ཕུ་ནི་ལྷ་བཙན་ཐང་དཀར་བཟུང་། །དེ་གནོད་སྦྱིན་དངོས་གྲུབ་སྟེར་བའི་རྟགས། །མདའ་ནི་སྨན་བཙུན་དར་དཀར་སྐྱོར། །དེ་འབྲུ་བཅུད་དུས་སུ་སྨིན་པའི་རྟགས། །བར་ན་ཡོན་བདག་འབྱོར་ཞིང་ཕྱུག །དེ་འཚོ་བ་དུས་སུ་འབྱོར་པའི་རྟགས། །མདུན་ན་གཙང་ཆབ་གྱ་མ་གྱུ། །དེ་རང་བྱུང་གི་ཡོན་ཆབ་ཕུལ་བའི་རྟགས། །རྩི་ཤིང་ནགས་ཚལ་བན་མ་བུན། །དེ་ཉམས་མྱོང་ལོ་འདབ་རྒྱས་པའི་རྟགས། །སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་། །དེ་རྣལ་འབྱོར་སྐྱོ་བསངས་བྱེད་པའི་རྟགས། །བྱ་དང་བྱིའུ་གཤོག་རྩལ་སྦྱོང་། །དེ་རྣལ་འབྱོར་སེམས་རྩལ་སྦྱོང་བའི་རྟགས། །བྲག་ངོ་བོ་གཅིག་ལ་ཁ་སྟོང་ཕྲག །ཆོས་སྒོ་ཐེག་པ་གྲངས་མངས་ཀྱང་། །ངོ་བོ་སེམས་སུ་འདུས་པའི་རྟགས། །ཨེ་མ་ངོ་མཚར་ཆེ་བའི་གནས། །ཐོས་པས་སྡིག་སྒྲིབ་དག་པའི་གནས། །མོས་པས་བྱིན་རླབས་འཇུག་པའི་གནས། །མཐོང་བས་སྣང་བ་འགྱུར་བའི་གནས། །བསྡད་པས་སངས་རྒྱས་ཐོབ་པའི་གནས། །དགའ་འོ་སྐྱིད་དོ་དངས་རེ་སྤྲོ། །གནས་དེ་ཉིད་དུ་བཀྲ་ཤིས་དང་བདེ་ལེགས་དཔལ་གྱིས་ཁྱབ་པར་གྱུར་ཅིག དགེའོ༎ ༎
No comments:
Post a Comment