ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ དགོངས་ཕོག་འགྱོ་མ་དགོཔ།

༢༡/༡༡/༢༠༡༢ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་བ་ཕུལ་མི་དང་འཁྲིལ་ ཆེ་མཐོ་ཁྲིམས་འདུན་གྱིས་ དགོངས་ཕོག་བཀའ་རྒྱ་ གནས་སྐབས་ཅིག་ བསྟར་སྤྱོད་འབད་མ་དགོ་པའི་ བཀའ་རྒྱ་གནང་ནུག།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུལ་མིན་བགོ་བཀྲམ་དང་འབྲེལ་བའི་ ཉེས་འཛུགས་འབད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ལུ་ དགོངས་ཕོག་གི་ བཀའ་རྒྱ་བཏོན་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ གནས་སྐབས་ཅིག་ མཚམས་འཇོག་བཞག་དགོ་པའི་ བཀའ་རྒྱ་བཏོན་ནུག།
དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གཉིས་ལུ་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་མི་དང་བསྟུན་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ དགོངས་ཕོག་གི་ བཀའ་རྒྱ་བཏོན་པའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ རེས་གཟའ་མིག་དམར་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ དགོངས་ཕོག་བཀའ་རྒྱ་ཆ་མེད་དང་ ཡང་ཅིན་ གནས་སྐབས་ཅིག་ བཀའ་རྒྱ་བསྟར་སྤྱོད་མ་འབད་བར་ བཞག་དགོ་པའི་ གསོལ་ཞུ་འབད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་ནང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་༢ པོ་དེ་ ངན་ལྷད་ཀྱི་ གནད་འབྲེལ་ལས་བརྟེན་ ཉེས་འཛུགས་བཀོད་པའི་ ཟླ་ཚེས་ལས་ འགོ་བཙུགས་ཏེ་ གནད་དོན་དེ་གི་སྐོར་ མཐོ་གཏུགས་གང་རུང་གི་ མཐའ་འབྲས་མ་འཐོན་རིག་ དགོངས་ཕོག་བཀའ་རྒྱ་དེ་ ཆ་མེད་གཏང་དགོཔ་སྦེ་ བཀོད་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་སྤྱི་ངོ་ཚབ་ དྲང་དཔོན་སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོ་རྩ་ཚན་༢༡ པའི་དོན་ཚན་༡༠ པ་དང་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་ གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༣༢.༡ ག་པའི་དགོངས་དོན་དང་འཁྲིལ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བཀའ་རྒྱ་ལོགས་སུ་མ་གནང་རིང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ དགོངས་ཕོག་བཀའ་རྒྱ་དེ་ སྐབས་ཐོག་མཚམས་འཇོག་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡི་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ དགོངས་ཕོག་བཀའ་རྒྱ་ཆ་མེད་ཀྱི་ གསོལ་ཞུ་ནང་ བཀོད་པའི་ནང་གསལ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༩ པའི་དོན་ཚན་༣ པ་དང་འཁྲིལཝ་ད་ ངན་ལྷད་བཀག་དམ་གྱི་བཅའ་ཁྲིམས་༢༠༡༡ ཅན་མའི་ཐོག་ ཉེས་འཛུགས་འབད་མི་དང་འབྲེལ་བའི་ དགོངས་ཕོག་བཏོན་དགོཔ་སྦེ་ ཞུ་བ་འབད་ན་མ་གཏོགས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ མི་ག་ཡང་ དགོངས་ཕོག་བཏོན་ནི་གི་ དབང་ཚད་མེད་ཟེར་ཨིན་པས།
དེ་མ་ཚད་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དེ་ ཆ་འཇོག་གམ་ བསྟར་སྤྱོད་འབད་ནི་ འགོ་མ་བཙུགས་པའི་ཧེ་མར་ ལཱ་བྱ་འཐབ་མི་ལུ་ ཉེས་འཛུགས་ཐོག་ ཁྲིམས་རྒྱབ་ལོག་ཐོག་ བསྟར་སྤྱོད་འབད་ཐབས་མེད་ཟེར་ རྩོད་དཔོན་ཡོངས་ཁྱབ་ ཕུན་ཚོགས་དབང་འདུས་ཀྱིས་ སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ཕུལ་མི་ ཞུ་ཡིག་ནང་ བཀོད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༦༨ དང་འཁྲིལ་བ་ཅིན་ ལྷན་ཚོགས་ཀྱིས་ སྤྱི་གཡོགཔ་ཚུ་ལུ་ ཉེས་འཛུགས་དང་ ཡང་ཅིན་ ཉེས་ཁྲིམས་ཕོག་པའི་སྐབས་ལུ་ སྒྲིག་ཁྲིམས་དང་འབྲེལ་བའི་ ངོས་ལེན་ལེན་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེའི་ འགོ་འཛིན་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།
དེ་འབདཝ་ད་ ད་རིས་ཀྱི་ རྩོད་དོན་ནང་ལྷོདཔ་ད་ གཞུང་སྐྱོང་དབུ་ཁྲིད་ བློན་ཆེན་ལུ་ སྙན་ཞུ་དང་ ཡང་ཅིན་ བསྟུན་གྲོས་མ་ཞུ་བར་ ཐད་ཀར་དུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཁྲིམས་མཐུན་མིན་པའི་ ལག་ལེན་ཅིག་ཨིན་པས་ཟེར་ རེས་གཟའ་མིག་དམར་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཀུན་གསལ་ལུ་གསུངས་ཡི།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་ཡིག་ནང་ བཀོད་པའི་ནང་གསལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ བསྟུན་གྲོས་ག་ནི་ཡང་མེད་པར་ དགོངས་ཕོག་བཏོན་མི་དེ་གིས་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་ལུ་ གནོད་ཉེན་ཡོད་མི་དེ་ཡང་ དགོངས་ཕོག་བཏོན་པའི་བསྒང་ལས་ རང་སོའི་འདེམས་ཁོངས་ལས་ མི་སེར་གྱི་ འཐུས་ཚབ་སྦེ་ སྤྱི་ཚོགས་ནང་ འབྲེལ་གཏོགས་འབད་མི་ཚུགས་ཟེར་ཨིན་པས།
འདི་འབདཝ་ལས་ དགོངས་ཕོག་བཀའ་རྒྱ་དེ་ ཆ་མེད་གཏང་ནི་དང་ དེ་མིན་རུང་ གནས་སྐབས་ཅིག་ བསྟར་སྤྱོད་འབད་མ་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་དགོ་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཞུ་ཡིག་ནང་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་ལུ་ ཞིབ་དཔྱད་འབདཝ་ད་ སྤྱི་ལོ་༡༩༩༩ ལས་༢༠༠༦ གི་བར་ན་ ས་ཚན་༩༩ བགོ་སྤྲོད་འབད་མིའི་གྲས་ལས་༦༧ འབདཝ་ད་ ས་ཆ་ཨེ་ཀར་༡༤.༡༢ ཁྲིམས་འགལ་གྱི་ཐོག་ལས་ བགོ་སྤྲོད་འབད་ཡོདཔ་མ་ཚད་ ས་གནས་དབང་འཛིན་འགོ་དཔོན་དང་ ཁེ་ཕན་ཐོབ་མི་ ས་ཆའི་ཇོ་བདག་ཚུ་གི་བར་ན་ ཁ་ཚིག་བཟོ་བའི་ གན་རྒྱ་དང་འཁྲིལ་ ལག་ལེན་མ་འཐབ་པའི་ ངོས་འཛིན་བྱུང་ནུག།
ལྷན་ཚོགས་ཀྱིས་ ས་ཚན་བསྡོམས་༧༥ ཉོ་བཙོང་བཀག་འཛིན་འབད་མིའི་གྲས་ལས་༦༧ དེ་ ཐོབ་ལམ་མེད་པའི་ སྒེར་མི་སོ་སོ་ལུ་ བགོ་སྤྲོད་འབད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ ཧེ་མར་ མོང་སྒར་རྫོང་བདག་སྦེ་བཞུགས་མི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ བློན་པོ་མི་འགྱུར་རྡོ་རྗེ་དེ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་ཨིན་པའི་གནས་ཚུལ།

འབྱུང་ཁུངས་་་་ཀུན་གསལ་གྱི་ཡོངས་འབྲེལ་ས་ཁོངས་http://kuenseldzongkhaonline.blogspot.com/2012/11/blog-post_9576.html

ཕྱི་གླིང་པའི་སྦལཔ་གིས་ཀི་དེབ་ལྷག་དོ་ཡོདཔ།

ཧེ་མ་ཕྱི་གླིང་པའི་གཡུས་ཁ་ལུ་ དཔེ་མཛོད་ཅིག་ནང་ དཔེ་གཉེར་ཅིག་ ཀི་དེབ་ལྷག་སྡོད་པའི་སྐབས་ལུ་ བྱ་པོད་ཅིག་འོངས་ཏེ་ བུག་བུག་ ཟེར་སླབ་སླབ་མས། དཔེ་གཉེར་གྱི་སེམས་ཁ་ལུ་ བྱ་པོད་དེ་གིས་ ཀི་དེབ་དགོ་ཟེར་སླབ་མས་མནོ་སྟེ་ ཀི་དེབ་ཅིག་འཐུ་སྦེ་ བྱ་པོད་ཀྱི་མགུ་ཏོ་གུ་བཀལ་བྱིན་བྱིན་མས། དེ་ལས་བྱ་པོད་དེ་ དཔེ་མཛོད་ནང་ལས་ཕྱི་ཁར་ཐོན་ཡ་སོ་ནུག།

ཨ་ཙི་ཅིག་ཁ་ལས་ བྱ་པོད་དེ་ལོག་འོངས་ཞིན་ན་ ད་རུང་བུག་བུག་ཟེར་སླབ་ནུག། དཔེ་གཉེར་གྱིས་ ད་རུང་ ཀི་དེབ་གཅིག་འཐུ་སྦེ་མགུ་ཏོ་གུ་བཀལ་བྱིན་ནུག། བྱ་པོད་དེ་ཧེ་མ་བཟུམ་སྦེ་ར་ ཀི་དེབ་འབག་སྦེ་ཕྱི་ཁར་ཐོན་ཡར་སོ་ནུག།

ཨ་ཙི་ཁ་ལས་ བྱ་པོད་དེ་ད་རུང་ལོག་འོངས་ཏེ་ ཧེ་མ་བཟུམ་སྦེ་ར་བུག་བུག་ཟེར་སླབ་ནུག། དེ་བསྒང་ལས་དཔེ་གཉེར་དབུགས་འགམ་སྟེ་ ཀི་དེབ་སྦོམ་གཉིས་འཐུ་ཞིན་ན་ མགུ་ཏོ་གུ་བཀལ་བྱིན་ནུག། དེ་ལས་ བྱ་པོད་སྒོ་ཁ་ལས་ཐོན་འགྱོཝ་ཅིག་ ཁོ་ར་ཡང་རྟིང་བདའ་བལྟ་བར་སོང་སོང་མས།

དེ་སྦེ་རྟིང་བདའ་བལྟ་བར་སོང་པ་གི་ བྱ་པོ་དེ་གིས་ ཀི་དེབ་འབག་སྦེ་ ཕྲངམ་ཕྲང་ས་ དཔེ་མཛོད་ཀྱི་ས་ཁོངས་ནང་ཆུ་རྫིང་ཅིག་ཡོད་ས་ལུ་འགྱོ་ས་མཐོང་ནུག། ཕི་ནང་ག་ཅི་ཡོད་ག་མ་མནོ་སྟེ་རྟིང་བདའ་ར་སོང་བལྟ་སོང་པ་ ཆུ་རྫིང་དེ་གི་མཐའ་མར་ སྦལཔ་ཅིག་སྡོད་ཡོདཔ་མཐོང་ནུག། དེ་ལས་འདི་དཔེ་གཉེར་དེ་ཧ་ལས་ཏེ་ ཁུ་སིམ་སིམ་སྦེ་གཡིབ་བལྟ་སྡོདཔ་ད་ བྱ་པོད་དེ་གིས་ ཕི་ནང་ལྷོདཔ་ཅིག་ ཀི་དེབ་དེ་སྦལཔ་གི་སྦོ་ལོགས་ཁར་བཞག་ནུག། དེ་ལས་སྦལཔ་དེ་གིས་ཀི་དེབ་ལུ་བལྟ་སྦེ་ read it, read it ཟེར་སླབ་ལས་ དཔེ་གཉེར་དེ་ཧེང་བཀལ་ར་ཧ་ལས་ཏེ་ དེ་ཁ་ར་དྲན་མེད་བརྒྱལ་སོ་ནུག

འགྲུལ་འཕྲིན་དང་འབྲེལ་བའི་ཤེས་བྱ།

འགྲུལ་འཕྲིན་གྱི་བརྡ་འཕྲིན་སྐྱེལ་ལེན་འབད་ཐངས་འདི་ བརྒྱུད་འཕྲིན་དང་རྩ་ལས་ར་མ་འདྲཝ་ལས་ འདི་ལུ་བཟང་ངན་གྱི་ཆ་གཉིས་ཡོད། བཟང་པོའི་ཆ་འདི་ སྟབས་བདེ་ཧིང་གི་ཁྱད་པར་ལ་སོགས་པ་ག་ར་གིས་མིག་གིས་མཐོང་ས་དང་ལག་པ་གིས་བཟུང་ས་ཡོད་པའི་ཁྱད་ཆོས་འདི་ཚུ་ཨིན།

ངན་པའི་ཆ་འདི་ འགྲུལ་འཕྲིན་གྱིས་བརྡ་འཕྲིན་སྐྱེལ་ལེན་འབད་བའི་སྐབས་ལུ་ བརྡ་རྟགས་སྐྱེལ་ལེན་ས་ཚིགས་ཀྱིས་བཟོ་བའི་རྡུལ་ཕྲན་འོད་རླབས་ལུ་བརྟེནམ་ཨིན། དེ་འབདཝ་ལས་འགྲུལ་འཕྲིན་དང་བརྡ་རྟགས་སྐྱེལ་ལེན་ས་ཚིགས་གཉིས་ཀྱི་བར་ན་གི་བརྡ་དོན་སྤྲོད་ལེན་གྱི་སྐད་རིགས་འདི་ རྡུལ་ཕྲན་འོད་རླབས་ཨིན། བརྡ་རྟགས་སྐྱེལ་ལེན་ས་ཚིགས་ཀྱིས་ རྡུལ་ཕྲན་འོད་རླབས་དེ་ ང་བཅས་ཀྱིས་ འགྲུལ་འཕྲིན་ལག་ལེན་འཐབ་པའི་སྐབས་རྐྱངམ་གཅིག་མིན་པར་ འགྲུལ་འཕྲིན་གྱིས་ ང་བཅས་ལུ་ཚུར་ལྷོད་པའི་འཕྲིན་ཐུང་དང་འགྲུལ་འཕྲིན་ལ་སོགས་པ་ དུས་ཚོད་ཁར་ལེན་ཚུགས་ནི་གི་དོན་ལུ་ རྒྱུན་ཆད་མེད་པར་ བཟོཝ་བཟོ་སར་སྡོད་དོ་ཡོདཔ་ཨིན། དེ་བསྒང་གི་རྡུལ་ཕྲན་འོད་རླབས་དེ་ལུ་ འགྲུལ་འཕྲིན་བཏང་པའི་སྐབས་ཀྱི་འོད་རླབས་བཟུམ་གྱི་ནུས་ཤུགས་མེད་དེ་ར་འབད་ས་ཅིག་རུང་ འཕྲོད་བསྟེན་ལུ་ཉེན་ཁ་མེདཔ་རྩ་ལས་ར་མེན།

འཕྲོད་བསྟེན་ ཚན་རིག་མཁས་པ་གིས་ཁུངས་སྐྱེལ་དོ་བཟུམ་འབད་བ་ཅིན་ ག་དེམ་ཅིག་སྦེ་ འགྲུལ་འཕྲིན་བྱང་ཁོག་གུ་བཞག་པ་ཅིན་ དེ་གིས་དོན་ཧིང་གི་འཕར་ཚད་ལུ་གནོད་དེ་ དོན་ཧིང་གི་ན་ཚ་ཐོབ་ནི་གི་ཉེན་ཁ་དང་ དེ་བཟུམ་སྦེ་ ཕོཝ་གུ་བཞག་པ་ཅིན་ མཁལ་རྡོག་གི་ན་ཚ་ཐོབ་ནི་ལ་སོགས་པ་ མདོར་བསྡུ་བ་ཅིན་ ང་བཅས་ཀྱི་གཟུགས་ཀྱི་དོན་ལྔ་ག་ཅི་ཨིན་ས་ཅིག་རུང་ དེ་ཚུ་གི་སྦོ་ལོགས་ཁར་ཡུན་རིངམ་སྦེ་ར་བཞག་པ་ཅིན་ དེ་ཚུ་ལུ་ན་ཚ་ཐོབ་ནི་གི་ཉེན་ཁ་སྦོམ་ཡོད་ལུགས་བཀོད་ནུག།

ལྷག་པར་དུ་ན་གཞོན་ཚུ་གིས་ སེམས་ཁར་བཞག་དགོཔ་ཅིག་འདི་ བུམོ་ལུ་ཆ་བཞག་པ་ཅིན་ འགྲུལ་འཕྲིན་ཨོམ་གུ་བཞག་མི་བཏུབ་ནི་དང་། གལ་སྲིད་དེ་སྦེ་བཞག་པ་ཅིན་ ཨོམ་ལུ་གན་ཌིའི་ན་ཚ་ཐོབ་ནི་གི་ཉེན་ཁ་ཡོདཔ་ཨིན་མས། དེ་བཟུམ་སྦེ་བུཚ་ལུ་ཆ་བཞག་པ་ཅིན་ ཕོ་མཚན་དང་ཐག་ཉེ་སར་བཞག་མི་བཏུབ་ནི་དང་ གལ་སྲིད་དེ་སྦེ་བཞག་པ་ཅིན་ ཁུ་བ་སྐམ་ནི་གི་ཉེན་ཁ་ཡོདཔ་མ་ཚད་ དེ་བ་ཡང་ལྷགཔ་སྦེ་ ཕོ་མཚན་བེད་སྤྱད་ར་མེདཔ་ཐལ་ནི་གི་ཉེན་ཁ་ཡོདཔ་ཨིན་མས།

སྤྱིར་བཏང་འཕྲོད་བསྟེན་ཁྱད་རིག་པ་ཆ་ཁྱབ་ཀྱིས་ འགྲུལ་འཕྲིན་གྱིས་ ཀླདཔ་གིས་གཙོས་པའི་གཟུགས་ཀྱི་ཆ་ཤས་ལུ་ཐོ་ཕོག་དོ་ཡོད་པའི་སྐོར་ལས་ སྙན་ཞུ་དང་སྦྲགས་ཏེ་ ལོ་ལས་ལོ་སྦེ་ཁྲིམས་གཏུགས་འབད་ས་ཅིག་རུང་ ད་རེས་ནངས་པའི་དུས་ལུ་ འཛམ་གླིང་འདི་ནང་ ཏི་རུ་གིས་འགྲུབ་མ་ཚུགས་པའི་ལཱ་ཅིག་ཧ་ལམ་མེད་ནི་འདི་གིས་དང་ དེ་གི་ནང་དོན་ཉིད་ལས་ཡང་ འགྲུལ་འཕྲིན་གྱི་བཟོ་གྲྭ་ཚུ་གནམ་མེད་ས་མེད་རྒྱུ་སྟོབས་ཆེ་ནི་འདི་གིས་ ད་རེས་ཚུན་ཚོད་ཀྱི་བར་ན་འདི་དང་འདི་ཨིན་ཟེར་བའི་གྲོས་ཆོད་ཅིག་ཐོན་མ་ཚུགས་པར་ཡོད།
ནུབ་ཕྱོགས་ལུ་ འགྲུལ་འཕྲིན་ལུ་བརྟེན་ཏེ་གིས་སྦེ་ ལག་ལེན་འཐབ་མི་གི་ཀླད་པ་ལུ་གནོད་སྐྱོན་ཕོག་མི་ལུ་བརྟེན་ཏེ་ འབྲེལ་ཡོད་བཟོ་གྲྭ་ཚོང་སྡེ་ཆ་ཁྱབ་ཀྱིས་ ཌོ་ལར་ས་ཡ་ལེ་ཤ་ཅིག་རྒུད་འཐུས་སྦེ་སྤྲོད་དགོཔ་བྱུང་བའི་གནས་ཚུལ་ཡང་འདུག། ཨིན་རུང་གཞུང་འབྲེལ་གྱི་ཐོག་ལས་གནས་ཚུལ་དེ་ཚུ་ཚད་འཛིན་ཡོདཔ་སྦེ་ངོས་འཛིན་མི་འབད་དོ་ཡོདཔ་མས།

ད་རུང་གཅིག་སླབ་པ་ཅིན་ ང་བཅས་ཆ་ཁྱབ་འཕྲུལ་རིག་གི་དུས་རབས་ནང་སྐྱེས་སྐྱེཝ་འབད་ནི་འདི་གིས་ འཕྲུལ་ཆ་འདི་ཚུ་སྤང་ཐབས་རྩ་ལས་ར་མེད། ཨིན་རུང་ང་བཅས་ར་ཆ་ཁྱབ་ལུ་ཆ་བཞག་པ་ཅིན་ རང་གི་གཟུགས་ཁམས་ལུ་གནོད་སྐྱོན་ཕོགཔ་ད་ ཌོ་ལར་ས་ཡ་ལེ་ཤ་ཐོབ་ནི་ཕར་ར་བཞག་ ཐ་ན་བཟོད་གསོལ་དང་སེམས་གསོ་འབད་མི་ཅིག་ཡང་མི་འོང་། དེ་བཟུམ་ཡོད་པའི་དབང་དུ་བཏང་རུང་ མི་ལུས་འདི་ག་ཅི་གིས་ཡང་ལོག་ཉོ་ཐབས་མེད། དེ་འབདཝ་ལས་ ཐབས་ཤེས་དྲག་ཤོས་ར་ འགྲུལ་འཕྲིན་འདི་ ལོགས་སུ་སྦེ་ཕད་ཅུང་ཅིག་ནང་བཙུགས་འབག་པ་ཅིན་ གོང་ལུ་བཀོད་པའི་ཉེན་ཁ་ཚུ་ལས་ཟུར་ཚུགས་ནི་མས་ཟེར་ཞུ་ནི་ཨིན།

༼འགྲུལ་འཕྲིན་དང་འབྲེལ་བའི་ཤེས་བྱ་འདི་ མེ་དམར་པོའི་ལམ་ཟེར་བའི་ཡོངས་འབྲེལ་ས་ཁོངས་ནང་བཀོད་དེ་འདུག། ཤེས་བྱ་དེ་ང་བཅས་རའི་འབྲུག་མི་འགྲུལ་འཕྲིན་ལག་ལེན་འཐབ་མི་ཆ་ཁྱབ་ཀྱིས་ཡང་ཤེས་དགོཔ་ཁག་ཆེཝ་མཐོངམ་ལས་ སྐད་བསྒྱུར་རྐྱབ་སྟེ་འདི་ནང་བཀོད་བཀོདཔ་ཨིན།༽

རྫོང་ཁ་ལུ་སྣང་མེད་བསྐྱུར་བ་ཅིན་ཁྲིམས་ག་ཅི་ཡོད་ག།

རྫོང་གཞིས་ཁག་དང་གཞུང་གི་ཡིག་ཚང་ནང་ལས་ཕར་འགྱོ་དགོ་པ་ཅིན་ རང་ལུགས་ཀྱི་རྒྱལ་ཡོངས་གྱོན་ཆས་གྱོན་ཏེ་སྒྲིག་ལམ་རྣམ་གཞག་གི་ཐོག་ལས་འགྱོ་དགོ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་རྒྱལ་ཁབ་ཀྱི་ས་ཁོངས་ལ་ལུ་ཅིག་ནང་ རྒྱལ་ཡོངས་ཀྱི་གྱོན་ཆས་མ་གྱོན་པར་འགྱོ་མ་ཆོག་པའི་ས་ཁོངས་ཡང་འདུག། གལ་སྲིད་ཁྲིམས་ལུགས་དེ་དང་འགལ་བ་ཅིན་དེ་འཕྲལ་ལས་ཁྲིམས་སྲུང་འགག་པ་གིས་བཟུང་འབག་སྟེ་དོ་དམ་གྱི་འོག་ལུ་བཞགཔ་ཨིན་མས། 

ཨིན་རུང་རྫོང་གཞིས་ཁག་དང་ཡིག་ཚང་ནང་ལས་ཕར་ཨིན་ཅི་མིན་ཅི་རྒྱལ་ཡོངས་ཀྱི་ཁ་སྐད་རྫོང་ཁ་རྐྱབ་དགོཔ་ཟེར་མིན་འདུག། དེ་མ་ཚད་ཡིག་ཐོག་ལུ་འབྲི་རུང་ག་དགའཝ་སྦེ་འབྲི་བ་མ་བཏུབ་མིན་འདུག། རྒྱལ་ཡོངས་ཀྱི་གྱོན་ཆས་དང་རྒྱལ་ཡོངས་ཁ་སྐད་གཉིས་ཆ་ར་འབྲུག་གི་རྒྱལ་ཁབ་ཀྱི་ངོ་རྟགས་ཨིནམ་འདྲ་འདྲ་ཨིན་རུང་། གཅིག་ཨིན་ཅི་མིན་ཅི་ལག་ལེན་འཐབ་དགོཔ་མ་ཚད། ཚུལ་མཐུན་ཐོག་ལས་ལག་ལེན་འཐབ་དགོཔ་དང་། གཅིག་འདི་ཨིན་ཅི་མིན་ཅི་ལག་ལེན་འཐབ་དགོཔ་ཟེརཝ་མེད་པའི་ཁར། ལག་ལེན་འཐབ་སྟེ་འབད་ས་ཅིག་རུང་ག་དགའཝ་སྦེ་ལག་ལེན་འཐབ་བཏུབ་མི་འདི་ ག་ཅི་ལུ་བརྟེན་ཏེ་ཨིན་ན་སྨོ། 

ང་གིས་འབད་བ་ཅིན་རྫོང་ཁ་ལག་ལེན་འཐབ་ནི་ལུ་ཡང་ཁྲིམས་ལུགས་ཅིག་བཟོ་དགོ་པའི་ཁར་ རྫོང་ཁ་ཚུལ་མཐུན་ཐོག་ལས་ལག་ལེན་མ་འཐབ་མི་ལུ་ཉེས་ཁྲིམས་ཅིག་ཡང་ཨིན་ཅི་མིན་ཅི་བཀལ་དགོཔ་འདུག། 

དེ་མིན་པ་ཅིན་ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་འདི་ལུ་ འོག་གི་པར་ནང་མཐོང་དོ་བཟུམ་ སྣང་མེད་བསྐྱུར་ཏེ་བརྙས་བཅོས་འབད་མི་ གྱངས་ཁ་མ་ཆོདཔ་ཅིག་ཐོན་ནི་མས་ཟེར་ཞུ་ནི་ཨིན། 

དེ་ཡང་འོག་གི་པར་ནང་གི་རྫོང་ཁའི་དག་ཆ་ཚུ་ ཤེས་ཅི་མཐོང་ཅི་ར་ བརྙས་བཅོས་འབད་དེ་བྲིས་བྲིཝ་མ་གཏོགས་ མ་ཤེས་མ་མཐོང་པར་འབྲི་བྲིཝ་རྩ་ལས་ར་མེན། ག་ཅི་སྦེ་ཟེར་བ་ཅིན་ འོག་ལུ་བཀོད་དེ་ཡོད་པའི་པར་དེ་ཚུ་གཞན་གྱིས་བཟོ་བཅོས་འབད་འབདཝ་མེན་པ་ཅིན་ གཅིག་འདི་ནི་སློབ་གྲྭ་ཆེ་བ་ཅིག་གི་བརྡ་བྱང་ཨིན་མས། སློབ་གྲྭ་ཆེ་བ་ནང་ལུ་རང་གི་སློབ་གྲྭའི་མིང་གི་དག་ཆ་ཚང་ཚུགས་མི་ཅིག་ར་མེདཔ་འདི་མི་འོང་མེན་ན། 

དེ་ལས་གཅིག་འདི་ནི་རྩེད་རིགས་ཚོགས་པ་གིས་གནང་གནངམ་གི་ལག་ཁྱེར་ཨིན་མས། རྩེད་རིགས་ཚོགས་པ་འདི་འབྲུག་གི་རྒྱལ་ཡོངས་ཀྱི་གནས་ཚད་ནང་ལུ་མིང་གཏམ་ཡོད་པའི་ཚོགས་པ་སྦོམ་ཤོས་ཅིག་ཨིན། འབྲུག་གི་རྒྱལ་ཡོངས་ཀྱི་གནས་ཚད་ནང་ལུ་མིང་གཏམ་སྦོམ་ཡོད་པའི་ཚོགས་པ་གིས་རྒྱལ་ཡོངས་ཀྱི་མི་མང་ལུ་གནང་ནི་ཨིན་མི་ལག་ཁྱེར་དེམ་ཅིག་གྲ་སྒྲིག་འབད་ཚུགསཔ་ད་ལུ། རྫོང་ཁའི་ཡི་གུ་ཡིག་ཕྲེང་གཅིག་འབད་མི་ཅིག་དག་ཆ་ཚངམ་སྦེ་འབྲི་མ་ཚུགསཔ་འོང་ག། 

དེ་འབདཝ་ལས་འབྲེལ་ཡོད་དབང་འཛིན་ཚུ་གིས་ན་འཐན་ར་ཐུགས་བསམ་བཞེས་དགོ་པའི་དུས་ཚོད་གུ་ལྷོད་སོ་ནུག་ཟེར་ཞུ་ནི་ཨིན།






ཆོས་ཕྱོགས་གསལ་བསྒྲགས།

༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་གིས་ གཏེར་སྟོན་གྱི་རྒྱལ་པོ་ལྔའི་ཡ་གྱལ་རིག་འཛིན་ཆེན་པོ་པདྨ་གླིང་པའི་ཟབ་གཏེར་གྱི་བསྟན་པ་ཉམས་པ་སོར་ཆུད་དང་ མི་ཉམས་རྒྱུན་འཛིན་དར་སྤེལ་གྱི་ཆེད་དུ་གཞི་བཙུགས་མཛད་གནང་ཡོད་པའི་ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་འདི་ སྤྱི་ལོ་༢༠༡༢ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ ཐིམ་ཕུ་ན་གཞོན་དཔལ་རིའི་སྤྱི་དོན་ཁང་ནང་ལུ་སྦེ་ སྒོ་འབྱེད་མཛད་གནང་ནི་ཨིན་མས། སྒོ་འབྱེད་རྟེན་འབྲེལ་འདི་དང་འབྲེལ་ཏེ་ གཞི་ཚོགས་ཀྱི་དོན་ལུ་ བློ་གཏད་མ་དངུལ་གཞི་བཙུགས་ཀྱི་ལས་རིམ་ཅིག་ཡང་འགོ་འདྲེན་འཐབ་ནི་གི་ལས་འཆར་འདུག དེ་འབདཝ་ལས་ སྤྱིར་ལྷོ་གཏེར་གྱི་བདག་པོ་རིག་འཛིན་པདྨ་གླིང་པའི་རྗེས་འཇུག་དང་ ཡང་སྒོས་རྒྱལ་བ་པདྨ་གླིང་པའི་ཟབ་གཏེར་གྱི་བསྟན་པའི་བདག་པོ་ ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་མི་ཚུ་གིས་གཙོས་པའི་དད་ཅན་ག་ར་གིས་ མཛད་སྒོ་འདི་ནང་འབྲེལ་གཏོགས་གནང་སྟེ་ མེ་ཏོག་ཆུང་རུང་མཆོད་པའི་རྫས་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཞལ་འདེབས་ཆེ་ཆེ་ཆུང་ཆུང་རེ་ཕུལ་གནང་ཟེར་ཞུ་ནི་ཨིན། 



མཛད་སྒོའི་རིམ་པ།

ཕྱི་རུའི་ཆུ་ཚོད་༥ ལུ་ སྐུ་མགྲོན་ཚུ་ཕེབས་ནི།

སྐུ་མགྲོན་ཚུའི་མཚན་ཐོ་ཐོ་བཀོད་འབད་ནི།

གསོལ་ཇ་དང་མངར་ཆུའི་རིགས་དྲང་ནི།

ཕྱི་རུའི་ཆུ་ཚོད་༥.༣༠ ལུ་ སྐུ་མགྲོན་གཙོ་བོ་ཕེབས་ནི།

ཕྱི་རུའི་ཆུ་ཚོད་༥.༤༥ ལུ་ གཞི་ཚོགས་ཀྱི་ཡོངས་ཁྱབ་དྲུང་ཆེན་གྱིས་ སྐུ་མགྲོན་ཚུ་ལུ་བྱོན་པ་ལེགས་སོའི་ཞུ་བ་ཕུལ་ནི།

ཕྱི་རུའི་ཆུ་ཚོད་༥.༥༥ ལུ་ གཞི་ཚོགས་ཀྱི་ཁྲི་འཛིན་༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་གིས་ པད་གླིང་གི་ཆོས་ཀྱི་རྒྱབ་ཁུངས་དང་ པད་གླིང་ཆོས་ཀྱི་དགའ་ཚལ་གྱི་དམིགས་ཡུལ་དང་དགོས་དོན་ཚུ་གི་སྐོར་ལས་ གསལ་བཤད་གནང་ནི།

ཕྱི་རུའི་ཆུ་ཚོད་༦.༡༥ ལུ་ སྐུ་མགྲོན་ཚུ་གིས་ ཞལ་འདེབས་ཕུལ་ནི།

བཀའ་དྲིན་དགའ་ཚོར་ཞུ་ནི།

ཐུགས་སྤྲོའི་ལས་རིམ་ཞབས་བྲོ་སྤྱན་འབུལ་ཞུ་ནི།

ཕྱི་རུའི་ཆུ་ཚོད་༨.༣༠ ལུ་ ཚོགས་སྟོན་དྲང་ནི།

ཕྱི་རུའི་ཆུ་ཚོད་༩.༣༠ ལུ་ བཀྲ་ཤིས་ལེགས་སྨོན་བཅས་མཇུག་བསྡུ་ནི། 

 

བཀྲ་ཤིས་བདེ་ལེགས།

ཁྲུས་བབས་ཟེར་མི་འདི་ག་ཅི་ཨིན་ན།

ད་རེས་ནངས་པར་མི་སྡེའི་བརྡ་བརྒྱུད་ངོ་དེབ་ནང་ལུ་ ག་ར་གཅིག་གིས་གཅིག་ལུ་ ཁྲུས་བབས་ཀྱི་ཁ་བཟང་འབད་དེ་གིས་སྦེ་ འུར་འབྱེལ་འཐབ་ས་མཐོངམ་ཨིན་མས། ཁ་བཟང་འབད་ཐངས་འདི་ཡང་ དབྱིན་སྐད་ཀྱི་ཐོག་ལས་ Happy Blessed Rainy Day ཟེར་བའི་ཡི་གུ་བྲིས་ཞིན་ན་ ངོ་དེབ་ནང་ལུ་ཡོད་པའི་རང་རང་སོ་སོའི་ཆ་རོགས་འཆམ་མཐུནམ་ཚུ་ལུ་ བསྐྱལ་ཏེ་གིས་སྦེ་འབད་ནི་འདུག། འགྱུར་བ་འགྱུར་བ་ཟེར་མི་འདི་ འ་ནི་བཟུམ་ཅིག་ཨིན་མས། དང་ཕུ་འབད་བ་ཅིན་ ཁྲུས་བབས་དང་ལོ་གསར་ལ་སོགས་པའི་སྐབས་ལུ་ ད་རེས་བཟུམ་སྦེ་ བདུན་ཕྲག་གཅིག་དེ་ཅིག་གི་ཧེ་མ་ལས་ ཁ་བཟང་འབད་ནི་གི་གོ་སྐབས་ག་ཏེ་འོང་ནི། ཐ་ན་ག་ཏེ་ལུ་ཡོད་ག་དང་ག་དེ་སྦེ་ཡོད་ག་གི་ལོ་རྒྱུས་ཙམ་ཅིག་ཡང་མི་ཤེས་དོ་འོང་། དེ་མ་ཚད་དེ་བཟུམ་གྱི་དུས་སྟོན་གྱི་སྐབས་ལུ་ ཕམ་དང་སྤུན་ཆ། གཉེན་དང་གྲོགས་ལ་སོགས་པ། ལ་ལུ་ཚོང་ལུ་འགྱོ་ས་ལས་ལོག་མ་ལྷོད། ལ་ལུ་གནས་བསྐོར་འགྱོ་ས་ལས་ལོག་མ་ལྷོད། ལ་ལུ་ཅིག་གོང་མའི་ཞབས་སར་ཕྱག་ཞུ་ས་ལས་མ་ལྷོད་པར། གཅིག་གིས་གཅིག་ལུ་ལེགས་ཤོམ་སྦེ་ཡོདཔ་འོང་མནོ་བའི་རེ་བསྐྱེད་ཐོག་ལས་ ལྐོདམ་མདུད་ཕོད་བཏབ། མིག་ལས་མིག་ཆུ་ཐོན་སྦེ་ སྡོད་མི་ཡང་གྱངས་ཁ་མ་ཆོདཔ་ཅིག་སྡོད་སྡོདཔ་འོང་། 

ཨིན་རུང་དང་ཕུ་གི་དུས་ལུ་ཐང་རིང་ས་སོང་སྟེ་གིས་སྦེ་ལོག་ལྷོད་མ་ཚུགས་ན་མ་ཤེས། དེ་མིན་པ་ཅིན་ ཕམ་སྤུན་ཆ་གཉེན་དང་གྲོགས་ཚུ་འདི་ཕ་ར་བཞག། ཐ་ན་ཁྱིམ་ཚང་གདང་རས་ཚུ་ཡང་ག་ར་ཁྱིམ་གཅིག་ནང་མཉམ་གཅིག་འཛོམས་ཏེ་གིས་སྦེ་ བཞེས་གོ་ཟ། ཇ་དང་ཆང་འཐུང་འབད་ཞིནམ་ལས་རྒན་རྒས་ཆ་ཁྱབ་བཤད་ཐོ་བཏང་། བུ་ཚུ་གཞོནམ་ཆ་ཁྱབ་ཀྱིས་མདའ་དང་རྡོས་སྒོར་རྩེ། བུམོ་ཚུ་ཞབས་ཁྲ་རྐྱབ་སྦེ་དགའ་སྤྲོ་བསྒྱུར་ཏེ་སྡོདཔ་ཨིན་མས། ད་རེས་ནངས་པར་འབད་བའི་བསྒང་ལས་ ཐག་ཉེ་རིང་ག་ར་ལུ་དབྱེ་བ་མེད་པར་ཅོག་འཐདཔ་སྦེ་ ཁ་བཟང་འདི་རང་འབད་བཞགཔ་མ་གཏོགས་ མཉམ་ཅིག་འཛོམས་ཏེ་དགའ་སྤྲོ་བསྒྱུར་ནི་འདི་དཀོན་སུ་ཅིག་ལུ་གྱུར་སོ་ནུག།

ཁ་བཟང་འབད་ཐངས་ཀྱི་ཐད་ལས་འབད་དེ་འབད་ས་ཅིག་རུང་ དང་ཕུ་གི་ལུགས་སྲོལ་ལས་འགྱུར་བ་ཡར་སོ་ནུག། དེ་ཡང་དཔྱེ་འབད་བ་ཅིན་ ད་རེས་ཁྲུས་བབས་ཀྱི་སྐབས་ལུ་ ང་ལོག་ལྷོད་མ་ཚུགས་པའི་ས་ཁར་འགྱོ་དགོཔ་ཐོན་པ་ཅིན་ ང་གིས་ང་རའི་བཟའ་ཚང་ཆ་ཁྱབ་ལུ་ ཁྱེད་ཆ་ཁྱབ་ཁྲུས་བབས་ལེགས་ཤོམ་སྦེ་ཟ་སྨ་རེད་ཟེར་སླབ་སྦེ་འགྱོཝ་ཨིན། དེ་བཟུམ་སྦེ་ཁྱིམ་ཚང་ཆ་ཁྱབ་ལུ་ཡང་ དེ་སྦེ་སླབ་ཨིན། དེ་འབདཝ་ལས་ ང་བཅས་རའི་འབྲུག་པའི་ལུགས་སྲོལ་གྱི་ཐོག་ལས་ཁྲུས་བབས་ཀྱི་ཉིནམ་དང་ལོ་གསར་ལུ་ཁ་བཟང་འབད་དགོ་པ་ཅིན་ ཁྲུས་བབས་ལེགས་ཤོམ་སྦེ་ཟ་སྨ་རེད། ལོ་གསར་ལེགས་ཤོམ་སྦེ་ཟ་སྨ་རེད་ཟེར་འབད་དགོཔ་ཨིན་རུང་ ད་རེས་ནངས་པར་ གོང་ལུ་བཀོད་དོ་བཟུམ་སྦེ་དབྱིན་སྐད་ཀྱི་ཐོག་ལས་ཧེ་པི་ལོ་གསར། ཧེ་པི་བཱེལེསི་རེ་ནི་ཌེ་ཟེར་སླབ་ཨིན་མས། ད་རུང་ལ་ལུ་ཅིག་གིས་ལོ་གསར་ལུ་བཀྲ་ཤིས་བདེ་ལེགས། ཁྲུས་བབས་ལུ་བཀྲ་ཤིས་བདེ་ལེགས་ཟེར་སླབ་ནི་གི་ལུགས་སྲོལ་ཅིག་ཡང་འགོ་བཙུགས་ནུག། འ་ནེ་སྦེ་འབདཝ་ད་ལུ་ ང་བཅས་རའི་ལུགས་སྲོལ་དེ་ ཤེསཔ་དཔྱ་གཅིག་དང་ མ་ཤེསཔ་དཔྱ་གཉིས་སྦེ་ གནམ་བྱར་གྱི་གཞའ་ཡལ་འདེ་ཡལ་འགྱོཝ་ཨིན་མས། ད་ག་ལས་བསྐོར་རུང་ ཧེ་པི་དང་བཀྲ་ཤིས་ཀྱི་ལོ་རྒྱུས་དེ་ དེམ་ཅིག་སྦེ་བཞག་ཞིན་ན་ ཁྲུས་བབས་ཟེར་མི་འདི་ག་ཅི་ཨིན་ན་དང་། ག་ཏེ་ལས་བྱུང་བྱུངམ་ཨིན་ན། ནམ་ལས་བྱུང་བྱུངམ་ཨིན་ན་ཚུ་གི་སྐོར་ལས་ཞུ་གེ། 


རྩིསཔ་ཚུ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁྲུས་བབས་ཟེར་མི་འདི་ བོད་བརྒྱུད་ནང་པའི་རྩིས་གཞུང་ནང་ལས་ཐོནམ་ཨིན་ཟེར་སླབ་ཨིན་མས། ཨིན་རུང་ ནང་པའི་རྩིས་གཞུང་འགོ་ཐོག་བྱུང་སའི་རྒྱལ་ཁབ་ རྒྱ་ནག་དང་རྒྱ་གར་ལུ་ནི་ ཁྲུས་བབས་ཀྱི་ཉིནམ་བརྩི་སྲུང་འབད་སྲོལ་ཡོད་པའི་ལོ་རྒྱུས་མིན་འདུག། བོད་ལུ་འབདན་ ད་རེས་ནངས་པར་བརྩི་སྲོལ་ཡོད་པའི་ལོ་རྒྱུས་མེད་རུང་ དང་ཕུ་འབད་བ་ཅིན་ ཟླཝ་བརྒྱད་པའི་ཚེས་གཅིག་ལས་ར་ བརྩི་སྲོལ་ཡོད་པའི་ལོ་རྒྱུས་འདུག། དེ་ཡང་འགོ་དང་པ་ར་ ཏཱ་ལའི་བླ་མ་སྐུ་ཁྲུས་གནང་དོ་ཡོདཔ་ད་ དེ་གི་མཛད་སྒོའི་མཚན་ལུ་ ཏཱ་ལའི་བླ་མའི་ཆབ་ཞུགས་མཛད་སྒོ་ཟེར་སླབ་དོ་ཡོདཔ་མས། དེ་བསྒང་རྩེ་པོ་ཏ་ལའི་ཕོ་བྲང་ནང་ལུ་སྦེ་ དེ་ཁར་ཡོད་པའི་སྐྱ་སེར་ཆེ་ཕྲ་ཀུན་ལུ་ ཏཱ་ལའི་བླ་མ་གིས་ཉིནམ་༡༥ འི་རིང་ མཛར་ཅུམ་གནང་སྲོལ་ཡོདཔ་ཨིན་མས། དེ་ལས་གྲོལ་བའི་ཉིན་མར་ རྩེ་པོ་ཏ་ལའི་ཕོ་བྲང་ཐོག་ཁར་ བསངས་བཏང་ཞིན་ན་ ཕྱྭ་དང་ཧུ་རྐྱབ་དོ་ཡོདཔ་ཨིན་མས། དེ་ལས་རྐྱངམ་ཅིག་མི་གཞན་ཚུ་ཁྲུས་རྐྱབ་དོ་ཡོདཔ་ཨིན་མས། དེ་བསྒང་ལུ་ མི་སེར་ཚུ་གིས་ཡང་ རང་རང་སོ་སོའི་འབྱོར་པ་དང་བསྟུན་ཏེ་ གུར་སྤུབས་ཏེ་ མཛར་ཅུམ་ཟཝ་དང་འབྲེལ་ཏེ་ ཆུ་རྩལ་རྐྱབ་ནི་ལ་སོགས་པའི་རྩལ་འགྲན་འབད་དོ་ཡོད་རུང་ གཙོ་ཆེ་ཤོས་གཟུགས་དང་གོ་ལ་ལ་སོགས་པ་འཁྱུ་ནི་ལུ་ར་ཤུགས་རྐྱབ་དོ་ཡོདཔ་ཨིན་མས། 
ཁྲུས་བབས་བརྩི་སྲུང་འབད་ནི་དེ་བོད་ལུ་ཡོད་པ་ཅིན་ འབྲུག་ལུ་ཡང་བོད་ལས་ར་བརྒྱུད་དེ་བྱུང་བྱུངམ་འོང་། དེ་འབདཝ་ལས་ནམ་ལས་ག་དེ་སྦེ་བྱུང་བྱུངམ་ཨིན་ན་སྨོ། ཁྱེད་ཧེ་པི་དང་བཀྲས་ཤིས་ཚུ་གིས་ དེ་གི་སྐོར་ལས་སླབ་ནི་ཡོད་ག། ཧ་ཧ་


ང་གིས་གོ་དོ་བཟུམ་འབདན་ འབྲུག་ལུ་ཁྲུས་བབས་ཀྱི་ཉིནམ་བརྩི་སྲུང་འབད་སྲོལ་འདི་ ཞབས་དྲུང་རིན་པོ་ཆེ་གིས་འགོ་བཙུགས་གནང་གནངམ་ཨིན་ཟེར་གོ་ཡི། ལོ་རྒྱུས་དེ་དང་འཁྲིལ་བ་ཅིན་ ཧེ་མ་ཞབས་དྲུང་ཞལ་བཞུགས་པའི་སྐབས་ལུ་ ཁྲུས་བབས་ཀྱི་སྐབས་ སྤུངས་ཐང་རྫོང་ནང་བཞུགས་མི་སྐྱ་སེར་ཆེ་ཕྲ་ཆ་མཉམ་ དྲོ་པ་ཧ་སག་སྟེ་བཞེངས་ཞིན་ན་ བཞེས་ཐུག་བཞེས་སྦེ་ སེར་སྦྲེང་དང་བཅས་པའི་སྒོ་ལས་ སྐུ་ཁྲུས་གནང་པར་ཕེབས་དགོ་ཟེར་ཨིན་མས།  ད་རེས་ནངས་པར་ལོ་གསར་གྱི་སྐབས་ལུ་དང་ ལོ་ཆོག་བཏང་པའི་སྐབས་ དྲོ་པ་དྲོ་མཛར་གྱི་ཧེ་མ་ ཐུགཔ་འཐུང་ནི་གི་ལུགས་སྲོལ་ཡོད་མི་འདི་ཡང་ ཁྲུས་བབས་ཀྱི་ཉིནམ་ལས་སྦེ་ དར་ཁྱབ་འགྱོ་འགྱོཝ་ཨིན་པའི་ལོ་རྒྱུས་འདུག། ད་རེས་ནངས་པར་ སྤུངས་ཐང་རྫོང་ནང་ལུ་ མ་ཆེན་གྱི་སྐུ་མདུན་ དེ་མ་སྔན་མ་བཞེས་ཐུག་ཕུལ་ནི་མེད་རུང་ ཁྲུས་བབས་ཀྱི་སྐབས་ བཞེས་ཐུག་བཅད་ཕུལ་སྲོལ་ཡོད་མི་འདི་ཡང་ སྔོན་མ་ཁྲུས་བབས་ཀྱི་སྐབས་ལུ་མ་གཏོགས་ བཞེས་ཐུག་བཞེས་སྲོལ་མེད་ནི་འདི་གིས་ཨིན་ཟེར་ཨིན་མས། དེ་འབདཝ་ད་དེ་བདེན་ག་མི་བདེན་ ང་རང་སྤུངས་ཐང་རྫོང་ནང་སྡོད་སྡོདཔ་མེད་ནི་འདི་གིས་མི་ཤེས་པས།  ག་གིས་ར་འབད་རུང་ བདེན་རྫུན་དབྱེ་བ་དཔྱད་ནི་གི་བློ་འདོད་པ་ཅིན་ སྤུངས་ཐང་རྫོང་ནང་བཞུགས་མི་འཕགས་པའི་དགེ་འདུན་ཚུ་ལུ་དྲི་བ་ཞུ་གནང་། 


ད་ཁྲུས་བབས་ཟེར་མི་འདི་ག་ཅི་སྨོ། དེ་ཡང་ཁྱེད་ཧེ་པི་དང་བཀྲ་ཤིས་ཆ་ཁྱབ་ཀྱིས་སླབ་ནི་མེདཔ་འོང་། ཁྲུས་བབས་ཟེར་བའི་ཚིག་གི་གོ་དོན་མནོ་བསམ་བཏང་པ་ཅིན། ཁྲུས་ཟེར་མི་འདི་ཆུ་འཁྱུ་ནི་ལུ་གོ་ནི་དང་། བབས་ཟེར་མི་འདི་བུད་ནི་དང་ཐོན་ནི་ཅིག་ལུ་གོཝ་ཨིན། ང་བཅས་རའི་རྫོང་ཁའི་ནང་ལས་ བུམ་པའི་ནང་གི་བུམ་ཆུ་ལུ་ཡང་ ཁྲུས་ཆུ་ཟེར་སླབ་ནི་ཡོད། དེ་འབད་ཞིནམ་ལས་ མི་མང་ཤོས་ཅིག་གིས་ར་ ཁྲུས་བབས་ཟེར་བའི་བསྒང་ལས་ བུམ་པའི་ནང་གི་ཆུ་བཟུམ་ཅིག་ གནམ་ཁ་ལས་མར་ས་ཁར་བབས་དོ་འདྲ་བས་མནོ་བའི་མནོ་བསམ་གཏང་དོ་ཡོདཔ་མས། ཧེ་མ་སློབ་གྲྭའི་སློབ་དེབ་ཅིག་ནང་ལུ་ཡང་ ཁྲུས་བབས་ཀྱི་སྐོར་ལས་བྲིས་ཏེ་ཡོད་པའི་ཡིག་རྒྱུགས་ཀྱི་ནང་ལུ་ ས་སྨུག་གི་སྦུག་ལས་ལྷ་དང་ལྷ་མོ་ཚུ་གིས་བུམ་ཆུ་བླུགས་སྡོད་སྡོདཔ་གི་པར་བྲིས་བྲིསཝ་མཐོང་ཅི། ད་རེས་ནངས་པར་ངོ་དེབ་ནང་ལུ་ཡང་ ལ་ལུ་གིས་ ཁྲུས་བབས་ཀྱི་ཁ་བཟང་འབད་ནི་གི་དོན་ལུ་བཟོ་བཀོད་འབད་དེ་ཡོད་པའི་པར་རིས་ཚུ་ དེ་སྦེ་བཟོ་ནུག། དེ་སྦེ་གོ་བ་ལེན་པ་ཅིན་ གོ་བ་འདི་ཕྱི་འགྱུར་ཨིན། 


ཁྲུས་བབས་བརྩི་སྲོལ་འདི་ནང་པའི་རྩིས་གཞུང་ལས་བྱུང་བྱུངམ་ཨིནམ་ལས་ ཁྲུས་བབས་ཀྱི་གོ་དོན་འདི་ཡང་ རྩིས་གཞུང་ལྟར་དུ་ཆ་བཞག་དགོ། ནང་པའི་རྩིས་གཞུང་ལས་ག་དེ་སྦེ་གསུངས་ཏེ་ཡོད་གོ་ཟེར་བ་ཅིན་ གནམ་ཁ་ལུ་ སྐར་མ་དྲང་སྲོང་རི་ཥི་ཟེར་མི་ཅིག་ཡོདཔ་ཨིན་མས། སྐར་མ་རི་ཥི་འདི་རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་གྲུབ་ཨིན་ཟེར་སླབ་ཨིནམ་ད་ ཟླཝ་དྲུག་གནམ་ནུབ་མོ་དང་ ཟླཝ་དྲུག་གནམ་ཉིན་མར་ཤརཝ་ཨིན་ཟེར་སླབ་ཨིན་མས། དེ་བཟུམ་སྦེ་མཐའ་ཡས་རྒྱ་མཚོ་ནང་ལུ་ ལྷ་དང་ཀླུ་དང་གནོད་སྦྱིན་ཚུ་གིས་རྒྱུ་རིན་ཆེན་སྣ་བདུན་ལས་བཞེངས་བཞག་བཞག་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ་འདྲ་ཅིག་ཡོད་ཟེར་ཨིནམ་ད། སངས་རྒྱས་ཀྱི་དབུའི་གཙུག་གཏོར་ཡང་ རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་སྟེ་ཡོད་ཟེར་ཨིན་མས། སྐར་མ་རི་ཥི་དེ་གིས་རི་ཡི་རྒྱལ་པོ་རི་རབ་བསྐོར་ཏེ་འོངམ་ད་ ཟླཝ་བརྒྱད་པའི་དབུགས་ནམ་ཐོབ་ཅིག་ འ་ནི་གི་དུས་ཚོད་ཀྲིག་ཀྲིག་གུ་ རྒྱ་མཚོ་ནང་ཡོད་པའི་སངས་རྒྱས་ཀྱི་དབུའི་གཙུག་གཏོར་གྱི་ཐད་ཕྲང་སྟེ་ལྷོདཔ་ཨིནམ་སྦེ་བཤདཔ་ཨིན་མས། 


དེ་བསྒང་ སྐར་མ་འདི་ཡང་རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་གྲུབ་དང་། སངས་རྒྱས་ཀྱི་དབུའི་གཙུག་གཏོར་ཡང་རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་གྲུབ་འབད་ནི་འདི་གིས་ སྐར་མ་རྀ་ཥི་དང་སངས་རྒྱས་ཀྱི་དབུའི་གཙུག་གཏོར་གཉིས་ཆ་ར་ལས་འོད་ཟེར་འཕྲོས་ཏེ་ འཛམ་གླིང་ནང་གི་ཆུ་ཆེན་དང་ཆུ་ཕྲན་ཡོད་རིགས་ཡོད་ཚད་ ཡན་ལག་བརྒྱད་ལྡན་གྱི་ཆུ་ལུ་འགྱུརཝ་ཨིན་མས། དེ་སྦེ་འབད་ནི་འདི་གིས་ འདི་བསྒང་ ཆུ་འཁྱུབ་ཅིན་ནད་རིགས་བཞི་བརྒྱ་རྩ་བཞི་ལས་བྱུང་བའི་ན་ཚ་ག་ར་དྲག་ཚུགསཔ་སྦེ་བཤདཔ་ཨིན་མས། དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གིས་ རི་བྱི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀ་སྦྱངས་ཆུ་བཏུང་། །དྭངས་བ་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་གྱུར་པ། །མི་འགྲུབ་རྩུབ་པ་མ་ཡིན་པ། ༎བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཟེར་གསུངས་བཞག་ནུག། ཆུ་བོ་ཡན་ལག་བརྒྱད་ལྡན་ཟེར་མི་འདི་ག་ཅི་ཨིན་ན་མནོ་བ་ཅིན། བསིལ་དང་ཞིམ་དང་ཡང་བ་དང་། འཇམ་དང་དྭངས་དང་དྲི་ང་མེད། འཐུང་ན་མགྲིན་པ་ལྟོ་བ་ལ།  །མི་གནོད་ཡན་ལག་བརྒྱད་ལྡན་ཆུ།  །ཟེར་གསུངས་དོ་ཡོད་དོ་བཟུམ་ཨིན་མས། མདོར་བསྡུ་བ་ཅིན་ སྐར་མ་རི་ཥི་དེ་ཤར་ཞིནམ་ལས་ ཆུ་ནང་ཡོད་པའི་དུག་ག་ར་ཡལ་ཏེ་གིས་སྦེ་ ཆུ་ལུ་བརྟེན་པའི་ནད་གཞི་མི་ཐོབ་མ་ཚད། ཆུ་དེ་གིས་ནད་གཞི་གཞན་དང་གཞན་ཡང་དྲག་ཚུགསཔ་སྦེ་བཤདཔ་ཨིན་མས། དེ་འབད་ཞིནམ་ལས་འཇིག་རྟེན་པའི་ཁ་རྒྱུན་ལུ་ཡང་ སྐར་མ་རི་བྱི་ཤར་སོང་། །སྨན་པའི་དགོས་པ་མི་འདུག །ཟེར་བའི་སླབ་སྲོལ་བྱུང་ནུག།

དགའ་མཐུན་གཉེན་སྒྲིག་ཀྱི་དཀའ་ངལ།


ཨ་མི་རི་ཀའི་ཕོ་རྒྱ་གཅིག་དང་ རྒྱ་གར་གྱི་ཕོ་རྒྱ་གཅིག་ ཆང་ཁང་ཅིག་ནང་ ཆང་འཐུང་ཡི་འཐུང་ཡི་ར་ བཤད་ཐོ་བཏང་སྡོད་ནུག། 

དེ་སྦེ་བཤད་ཐོ་བཏང་སྡོད་པའི་སྐབས་ལུ་ རྒྱ་གར་གྱིས་ ཨ་མི་རི་ཀཱན་ལུ་ དེ་སྦེ་སླབ་ནུག།  "ངེའི་ཕམ་གཉིས་ཀྱིས་ ང་ གཡུས་ཁའི་བུམོ་གཅིག་དང་གཅིག་ཁར་ གཉེན་རྐྱབ་ཟེར་སླབ་མས།  བུམོ་དེ་ ང་གིས་ ཚར་གཅིག་ར་ཕྱད་ཕྱདཔ་མེད་སྟེ།  ཁོང་གིས་ ང་ དང་ཕུ་གི་ལུགས་སྲོལ་བཟུམ་སྦེ་ བཙན་དབང་གཉེན་སྒྲིག་ འབད་བྱིན་ནི་སྦེ་ཨིན་མས་སི།  རང་ མ་དགའ་མི་དང་གཅིག་ཁར་ ག་དེ་སྦེ་གཉེན་རྐྱབ་ནི་ས།  གཉེན་ཟེར་མི་འདི་ང་ར་དགའ་མཐུན་གྱི་ཐོག་ལས་རྐྱབ་ནི་མ་གཏོགས་  ཁྱེད་ཀྱིས་བཙན་སྒྲིག་འབད་མི་དང་གཅིག་ཁར་རྐྱབ་མི་ཚུགས་ཟེར་ ང་ཁོང་ར་ལུ་ཐད་ཀར་དུ་སླབ་བྱིན་ཡི།  ད་ང་བཅས་བཟའ་ཚང་ནང་ལུ་སྟབས་མ་བདེཝ་སྦོམ་ཐོན་ཏེ་ཡོད།"

ཨ་མི་རི་ཀཱན་གྱིས་དེ་སྦེ་སླབ་ནུག།  "དགའ་མཐུན་གྱི་ཐོག་ལས་གཉེན་རྐྱབ་རུང་ དཀའ་ངལ་འདུག་མས།  དེའི་སྐོར་ལས་ང་རའི་མི་ཚེ་ལུ་གཞི་བཞག་སྟེ་སླབ་པ་ཅིན།  ང་གིས་ ཨམ་སྲུ་ཡུག་ས་མོ་ཅིག་དང་གཅིག་ཁར་དགའཝ་མཐུནམ་སྦེ་སྡོད་དེ་ ལོ་གསུམ་གྱི་ཤུལ་ལས་ གཅིག་ཁར་བསྡོམས་ཆི།  དེ་སྦེ་བསྡོམས་ཏེ་ལོ་དག་པ་གཅིག་གི་ཤུལ་ལས་ ངེའི་ཨ་པ་གིས་ ངེའི་བུམོ་གཡར་དང་ཆ་ དགའཝ་མཐུནམ་ཐལ་ཏེ་གཉེན་རྐྱབ་ཆིཝ་ལས་ ངེའི་ཨ་པ་འདི་ ངེའི་ཚཝ་དང་ ང་ ང་རའི་ཨ་པ་གི་ཨ་ཞང་ལུ་གྱུར་སོ་ཡི། 

"འ་ནེ་སྦེ་འབདཝ་ད་ ང་རའི་བུམོ་གཡར་འདི་ ངེའི་ཨམ་ཅུམ་དང་ ང་རའི་ཨམ་སྲུ་འདི་ ངེའི་ཨང་རྒས་ལུ་གྱུར་སོ་ཡི།  ད་རུང་འདི་གུ་ ང་ལུ་ བུ་གཅིག་ཐོན་ཞིནམ་ལས་འདི་ དཀའ་ངལ་ཧེང་བཀལ་ཐོན་ཡི།  ག་དེ་སྦེ་ཟེར་བ་ཅིན་ ངེའི་བུ་འདི་གིས་ ངེའི་ཨ་པ་ལུ་སྐུདཔོ་ཕོགཔ་ལས་ ང་གིས་ ང་རའི་བུ་ལུ་ ཨ་ཞང་ཕོག་ཆི་སྟེ། 

"ངེའི་ཨ་པ་དང་བུམོ་གཡར་གཉིས་ལུ་བུ་གཅིག་ཐོན་པའི་བསྒང་ལས་འདི་ གནས་སྟངས་འདི་གནམ་མེད་ས་མེད་དགོད་བྲ་སི་སི་ཅིག་ལུ་གྱུར་སོ་ཡི།  ངེའི་ཨ་པའི་བུ་ ངེའི་ནུ་གཅུང་ལུ་ ང་གིས་དིབུ་ཕོག་ཅི།  ད་ངེའི་ནུ་གཅུང་གིས་ང་ལུ་ཨ་རྒས་ཕོག་པའི་བསྒང་ལས་ ང་གིས་ང་ར་ལུ་ཨ་རྒས་ཕོག་ནི་མས།  ང་གིས་ང་རའི་ནུ་གཅུང་ལུ་ དིབུ་ཕོགཔ་ལས་ ང་ང་རའི་དིབུ་ལུ་གྱུར་སོ་ཡི། 

"འ་ནི་བཟུམ་དང་ཕྱད་པ་ཅིན་ ཁྱོད་ཀྱི་འདི་ ག་ནི་ཡང་མེན་པས་སྟེ།"

དེ་སྦེ་སླབ་ད་ རྒྱ་གར་འདི་ དྲན་མེད་ར་བརྒྱལ་སོ་ནུག། 

སུམ་ཅུ་པའི་སྐབས་བདག་སྒྲ་ཕྲད་རང་དབང་ཅན་སྦེ་སྟོན་ཡོདཔ་ཨིན་རུང་ལེགས་བཤད་ལྗོན་དབང་གི་སྐབས་གཞན་དབང་ཅན་སྦེ་སྟོན་དགོ་པའི་ཁུངས་ག་ཅི་ཨིན་ན?


ངོ་སྤྲོད།
འཕྲལ་ཁམས་ཅིག་ཁར་སློབ་གྲྭའི་སློབ་དཔོན་ཅིག་གིས་”སུམ་ཅུ་པའི་སྐབས་བདག་སྒྲ་ཕྲད་རང་དབང་ཅན་སྦེ་སྟོན་ཡོདཔ་ཨིན་རུང་ལེགས་བཤད་ལྗོན་དབང་གི་སྐབས་གཞན་དབང་ཅན་སྦེ་སྟོན་དགོ་པའི་ཁུངས་ག་ཅི་ཨིན་ན་”ཟེར་བའི་དྲི་བ་ཅིག་སློབ་ཕྲུག་ཚུ་ལུ་གནང་ཡོད་མི་དེ་སློབ་ཕྲུག་ཚུ་བརྒྱུད་དེ་ངེའི་ལག་པར་ཐོབ་ཅི། གཤམ་གསལ་རྩོམ་ཡིག་དེ་དྲི་བ་དེ་ལུ་གཞི་བཞག་སྟེ་ཞིབ་འཚོལ་འབད་བའི་གྲུབ་འབྲས་ཨིནམ་ལས་རྒྱ་ཆེ་བའི་མི་མང་ཡོངས་ལུ་གཟིགས་ཕུལ་ཞུ་ནིའི་དོན་ལུ་ཟིན་བྲིས་འདི་ནང་བཀོད་བཀོདཔ་ཨིན། རྩོམ་ཡིག་འདི་ནང་མཁས་པ་ཐུགས་དགྱེས་ཚུགས་པའི་ཡོན་ཏན་མེད་རུང་བརྡ་སྤྲོད་ཀྱི་རིག་གཞུང་ལུ་བློ་ཁ་ཕྱོགས་མི་ང་བཟུམ་གྱི་བློ་གསར་ཆ་ཁྱབ་ལུ་ཕན་པའི་ཆ་རེ་ཡང་ཡོད་སྲིད་འོང་། དེ་འབདཝ་ལས་དགའ་སྤྲོའི་ངང་ལས་གཟིགས་གནང་འོང་མནོ་བའི་རེ་བ་ཡོད།

རྩ་བ་ངོས་བཟུང་བ།
བདག་སྒྲའི་རྩ་བ་འདི། སུམ་ཅུ་པ་ནང་ལུ། གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཟེར་གསུངས་མི་འདི་དང་། ལེགས་བཤད་ལྗོན་དབང་ནང་ལུ་འབད་བ་ཅིན། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་མཐར། །བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཟེར་མི་འདི་གིས་སྟོནམ་ཨིན།

མཁས་པ་སོ་སོའི་བཞེད་པ།
སུམ་ཅུ་པའི་ནང་གི་བདག་སྒྲའི་རྩ་བ་དེ་ལུ་སུམ་ཅུ་པའི་འགྲེལ་བྱེད་མཁས་པ་ཆ་ཁྱབ་ཀྱི་བར་ན་བཞེད་ཚུལ་མ་འདྲཝ་ཁག་ལེ་ཤ་བྱུང་ནུག། དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་[1]འབད་བ་ཅིན་པུ་ལིངྒ་ཟེར་མི་འདི་ཕོ་རྟགས་ལུ་གོཝ་ལས། བདག་སྒྲའི་ཕྲད་ཨིན་པ་ཅིན་བདག་པོའི་དོན་སྟོན་མི་ཅིག་དང་དེ་ཡང་ཕོ་རྟགས་མཚོན་བྱེད་ཀྱི་ཡི་གུ་ཅིག་ཨིན་དགོ་ཟེར་གསུངས་ནུག། དེ་འབདཝ་ལས་བདག་སྒྲའི་ཕྲད་འདི་པ་དང་པོ་གཉིས་རྐྱངམ་གཅིག་བཞེདཔ་ཨིན་མས།

དངུལ་ཆུ་དྷརྨ་བྷ་དྲ་[2]གིས་འབད་བ་ཅིན་པུ་ལིངྒ་ཟེར་མི་འདི་པ་སྡེའི་རྟགས་ཟེར་བའི་དོན་ཨིནམ་ལས་བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་དྲུག་ཨིནམ་སྦེ་གསུངས་ནུག། ལེགས་བཤད་ལྗོན་དབང་གི་རྩོམ་པ་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་འདི་དངུལ་ཆུ་དྷརྨ་བྷ་དྲའི་ཞལ་སློབ་ཨིནམ་ལས་ལེགས་བཤད་ལྗོན་དབང་ནང་བདག་སྒྲའི་ཕྲད་དྲུག་གསུངས་མི་དེ་ཡང་དངུལ་ཆུ་དྷརྨ་བྷ་དྲའི་དགོངས་པ་ལུ་གཞི་བཞག་སྟེ་གསུངས་གསུངམ་ཨིན་མས། ད་རེས་ནངས་པར་བོད་ཀྱི་རིག་གཞུང་ལུ་མཁས་པའི་མིང་གཏམ་ཡོད་མི་ཚེ་བརྟན་ཞབས་དྲུང་གིས་ཡང་བདག་སྒྲའི་ཐད་ལུ་ལྷོདཔ་ད་དངུལ་ཆུ་དྷརྨ་བྷ་དྲའི་རྗེས་སུ་འབྲངས་ནི་ཨིན་[3]ཟེར་གསུངས་ནུག།

མཐའ་དཔྱད་པ།
༡༽དེམ་ཅིག་གིས་བདག་སྒྲའི་སྐོར་གྱི་མཁས་པ་སོ་སོའི་བཞེད་པ་ངོས་འཛིན་འབད་ཚར་བའི་དབང་དུ་སྟེ། ད་ནཱ་ལས་མར་དེ་ཚུ་ལུ་དཔྱད་པ་འབད་ནི་ཨིན། དང་པ་ར་པུ་ལིངྒའི་གོ་དོན་ལུ་དཔྱད་པ་ཅིན། སི་ཏུ་གིས་པུ་ལིངྒ་ཟེར་མི་འདི་ཕོ་རྟགས་ཨིནམ་སྦེ་འགྲེལ་བཤད་གནང་ཡོདཔ་ད། དེ་ཡང་ལེགས་སྦྱར་གྱི་སྐད་ལས་ཕོ་སྐྱེས་ལུ་གོ་དོ་ཡོད་པའི་པུ་རུ་ཥ་གི་རུ་དང་ཥ་གཉིས་བསྡུས་ཞིན་ན་རྟགས་ལུ་གོ་དོ་ཡོད་པའི་ལིངྒ་དང་གཅིག་ཁར་བསྡོམས་ཏེ་པུ་ལིངྒ་ཟེར་གྲུབ་ཡོདཔ་སྦེ་བཞེདཔ་ཨིན་མས། ཕོ་རྟགས་ཟེར་མི་འདི་ཡང་ཕོ་མཚོན་བྱེད་ཀྱི་རྟགས་ལུ་སླབ་དོ་ཡོདཔ་བཞིན་དུ། ནཱ་ལུ་ཡང་བོད་སྐད་ནང་ཡོངས་སུ་གྲགས་པའི་ཕོ་མཚོན་བྱེད་ཀྱི་རྟགས་པ་དང་པོ་གཉིས་ལུ་གོ་དགོཔ་སྦེ་གསུངམ་ཨིན་མས།

དངུལ་ཆུ་དྷརྨ་བྷ་དྲ་གིས་འབད་བ་ཅིན་པུ་ལིངྒ་ཟེར་མི་འདི་ལེགས་སྦྱར་གྱི་སྒྲ་གཞུང་ཚུ་ནང་པུ་ཟེར་མི་འདི་པ་སྡེ་ལུ་གོ་དགོཔ་སྦེ་གསུངས་ཡོད་མི་ལུ་གཞི་བཞག་སྟེ་ཕོ་རྟགས་ཟེར་བའི་དོན་མེན་པར་ཞིན་ན་པ་སྡེའི་རྟགས་ཟེར་བའི་དོན་ཨིནམ་སྦེ་གསུངས་ནུག།

དེ་ལུ་དཔྱད་པ་ཅིན། སུམ་ཅུ་པ་ནང་བདག་སྒྲ་སྟོན་པའི་འོག་ལུ་ར། གང་མིང་གི་ནི་ཡ་མཐའ་ན། །སྟྲི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྒྲ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཟེར་དགག་སྒྲ་བཤད་ཡོདཔ་ད། དེའི་སྐབས་ཀྱི་སྟྲི་ལིངྒ་འདི་མོ་རྟགས་ལུ་གོཝ་ཨིནམ་མཁས་པ་ཕྱོགས་སྔ་ཕྱི་གཉིས་ཆ་ར་དགོངས་པ་མཐུནམ་ལས། པུ་ལིངྒའི་དོན་ཡང་ཕོ་རྟགས་སྦེ་བཤད་པ་ཅིན་འོས་འབབ་ཆེཝ་སྦེ་མཐོངམ་ཨིན་མས། དེ་སྦེ་མཐོང་དགོ་པའི་རྒྱུ་མཚན་ཡང་མིང་གང་རུང་ཅིག་གི་མཐའ་མ་ལུ་ཧེ་མ་མེད་པའི་ཕོ་རྟགས་ཀྱི་ཡི་གུ་གསརཔ་བཀལ་བ་ཅིན་བདག་སྒྲ་ལུ་འགྱུར་ནི་དང་། མིང་གང་རུང་ཅིག་གི་ཐོག་མར་ཧེ་མ་མེད་པའི་མོ་རྟགས་ཀྱི་ཡི་གུ་གསརཔ་བཀལ་བ་ཅིན་དགག་སྒྲ་ལུ་འགྱུར་ནི་ཨིན་ཟེར་སླབ་ད་ལུ། བདག་སྒྲ་དང་དགག་སྒྲའི་གོ་དོན་རགས་རིམ་ཙམ་ཅིག་དེ་འཕྲལ་ལས་སེམས་ཁར་ངེས་ཚུགས་ནི་ཨིན་མས།

བདག་སྒྲ་དང་དགག་སྒྲ་གཅིག་ཤུལ་གཅིག་སྦེ་མཉམ་ཅིག་བཞག་དགོ་མི་འདི་ཡང་རྒྱུ་མཚན་དེ་ལུ་ཐུགཔ་ཨིན་མས། དེ་གིས་སྦེ་སི་ཏུའི་དགོངས་པ་འདི་ཐུ་མི་སམ་བྷོ་ཊའི་དགོངས་པ་ངོ་མ་དང་། གཅིགཔོ་འདི་ཐུ་མི་གི་དགོངས་མེན་ཟེར་སླབ་པ་ལུ་གཡང་ཟ་དགོཔ་ག་ནི་ཡང་མིན་འདུག། དེ་སྦེ་ཨིན་མི་ཡང་དངུལ་ཆུ་དྷརྨ་བྷ་དྲ་ཁོ་ར་གིས་ར་སུམ་ཅུ་པའི་འགྲེལ་པ་སི་ཏུའི་ཞལ་ལུང་ནང་འགྲེལ་བཤད་མང་ཤོས་ཅིག་སི་ཏུའི་ལུགས་ག་ཨིནམ་བཞག་ཡོདཔ་ཨིན་རུང་། བདག་སྒྲའི་སྐབས་ལུ་པུ་ལིངྒའི་དོན་པ་སྡེ་ལུ་གོ་དགོཔ་སྦེ་འགྲེལ་བཤད་རྐྱབ་དགོ་མི་འདི་སི་ཏུའི་འགྲེལ་པ་ནང་བདག་སྒྲའི་སྐབས་ལུ་ལྷོདཔ་ད་ཡི་གུ་གསལ་ཏོག་ཏོ་སྦེ་མཐོང་མ་ཚུགས་ནི་འདི་གིས། རྗེ་ཞྭ་དམར་པའི་འགྲེལ་ཚུལ་སེམས་ཁར་ཡོད་མི་ལུ་གཞི་བཞག་སྟེ་བཀོད་བཀོདཔ་ཨིནམ་ལས། སུམ་ཅུ་པའི་དགོངས་པ་དང་མཐུན་མི་མཐུན་མི་ཤེས་[4]ཟེར་གསུངས་ཡོད་མི་གིས་ཡང་ཧ་གོ་བས།

ཚེ་བརྟན་ཞབས་དྲུང་གིས། གཞུང་གི་མཚན་ལུ་སི་ཏུའི་ཞལ་ལུང་ཟེར་བཏགས་ཞིན་ན། གཞུང་དོན་གཞན་ག་ར་སི་ཏུའི་རྗེས་སུ་འབྲངས་ཏེ་འབད་ས་ཅིག་རུང་། བདག་སྒྲའི་ཐད་ལུ་ལྷོདཔ་ད་སི་ཏུ་དང་མ་འཁྲིལ་བར་སོ་སོ་སྦེ་འགྲེལ་བཤད་རྐྱབ་མི་ལུ་གནན་འགག་སྦོམ་ཡོདཔ་ཤེས་དགོ་[5]ཟེར་གསུངས་ཏེ་ཁོ་གི་བློ་དང་རྒྱབ་ཧྲིལ་བུམ་སི་ཏུའི་ཞལ་ལུང་ལུ་གཏད་ཡོད་རུང་། གནད་འགག་སོ་སོ་ཅིག་ག་ནི་ཡང་མེདཔ་གོང་གི་ཚིག་དེ་གིས་སྟོནམ་ལས། བློ་ཕུག་བྱག་ལུ་གཏད། བྱག་ཕུག་སྟོངམ་ཟེར་དོ་བཟུམ་ལོག་སོ་ནུག།

༢༽གཉིས་པ་བདག་སྒྲའི་ཕྲད་ལུ་དཔྱད་པ་ཅིན། གོང་ལུ་བཀོད་དོ་བཟུམ་སི་ཏུའི་ལུགས་ལས་པུ་ལིངྒ་ཡི་དོན་ཕོ་རྟགས་ཀྱི་ཡི་གུ་པ་དང་པོ་གཉིས་ལུ་གོ་ནི་འདི་གིས། བདག་སྒྲའི་ཕྲད་ལུ་ཡང་པ་དང་པོ་གཉིས་མ་གཏོགས་ཁས་མི་ལེནམ་ཨིན་མས། དངུལ་ཆུ་ཡབ་སྲས་རྗེས་འབྲངས་དང་བཅས་པ་གིས་འབད་བ་ཅིན་པུ་ལིངྒ་ཡི་དོན་དེ་པ་སྡེ་ལུ་གོཝ་ལས་པ་སྡེའི་ཕོ་རྟགས་པ་དང་པོ། མ་ནིིང་གི་རྟགས་བ་དང་བོ། མོ་རྟགས་མ་དང་མོ་གཉིས་སྦེ་བདག་སྒྲའི་ཕྲད་དྲུག་བརྩིཝ་ཨིན་མས།

མ་གཞི་སུམ་ཅུ་པའི་འགྲེལ་བྱེད་མཁན་པོ་ཆ་ཁྱབ་ཀྱིས་སུམ་ཅུ་པ་བཤད་པའི་སྐབས་ཚིག་ཕྲད་དང་ཚིག་ཕྲད་ཀྱི་འཇུག་པ་མང་ཤོས་ཅིག་ལུ་དངོས་བསྟན་དང་ཤུགས་བསྟན་གཉིས་རེ་ཡོདཔ་སྦེ་གསུངས་ཏེ་ཡོད། ཨིན་རུང་བདག་སྒྲའི་སྐབས་ཚེ་བརྟན་ཞབས་དྲུང་[6]མ་གཏོགས་གཞན་ག་གིས་ཡང་ཤུགས་བསྟན་གྱི་ལོ་རྒྱུས་མ་གསུངས་མི་ལུ་བལྟ་བ་ཅིན། བདག་སྒྲ་ལུ་ཤུགས་བསྟན་མི་བཞེད་དོ་ཡོདཔ་ཨིན་མས། གལ་སྲིད་བདག་སྒྲ་ལུ་ཤུགས་བསྟན་མ་བཞེད་པ་ཅིན། བདག་སྒྲའི་ཕྲད་ཡང་པ་དང་པོ་གཉིས་ལས་བརྒལ་གཞན་ཡོད་ཐབས་རྩ་ལས་ར་མིན་འདུག།

ཨིན་རུང་བདག་སྒྲའི་ཕྲད་ལུ་བཞེད་ཚུལ་གཉིས་ཡོད་ས་ལས་ཐུ་མིའི་དགོངས་པ་ངོ་མ་ག་ཨིན་ན་མནོ་བ་ཅིན། སུམ་ཅུ་པའི་གཞུང་གི་བཤད་སྒྲོས་དང་བསྟུན་བདག་སྒྲ་ལུ་ཡང་དངོས་བསྟན་དང་ཤུགས་བསྟན་གཉིས་སྦེ་བརྩི་ཞིན་ན། པ་དང་པོ་གཉིས་དངོས་བསྟན་དང་གཞན་ཚུ་ཤུགས་བསྟན་ཨིནམ་སྦེ་སླབ་པ་ལུ་མ་བཏུབ་མེད་ནི་མས་མནོཝ་མས། དེ་སྦེ་སླབ་པ་ཅིན་པུ་ལིངྒ་ཡི་འགྲེལ་བཤད་སོ་སོ་སྦེ་རྐྱབ་མ་དགོ་པར་དཀའ་ངལ་འཇམ་ཏོང་ཏོ་སྦེ་སེལ་ཚུགས་ནི་མས། ཨིན་རུང་མཁས་པ་ག་གིས་ཡང་དེ་སྦེ་བཞེད་བཞེདཔ་མེད་ལས་ང་གིས་ཡང་དཔྱད་གཞི་ཙམ་མ་གཏོགས་ཐད་རེ་བ་རེ་ཐག་གཅད་དེ་སླབ་ནི་གི་སྤོབས་པ་མིན་འདུག།

༣༽གསུམ་པ་བདག་སྒྲ་འདི་ཕྲད་རང་དབང་ཅན་དང་གཞན་དབང་ཅན་ག་ཅི་ཨིན་ན་དཔྱད་པ་ཅིན། སི་ཏུ་གིས་བདག་སྒྲའི་ཕྲད་ལུ་པ་དང་པོ་གཉིས་ལས་བརྒལ་གཞན་མེད་པའི་ཁར། དེ་གཉིསཔོ་འདི་ཡང་རྗེས་འཇུག་དང་འཁྲིལ་མ་དགོ་པའི་ཕྲད་རང་དབང་ཅན་[7]ཨིནམ་སྦེ་བཞེདཔ་ཨིན་མས། དངུལ་ཆུ་དྷརྨ་བྷ་དྲ་གིས་བདག་སྒྲའི་ཕྲད་ལུ་དྲུག་ཡོདཔ་སྦེ་བཞེདཔ་ཨིན་རུང་ཕྲད་གཞན་དབང་ཅན་ཨིནམ་སྦེ་མི་བཞེད་པས། དེ་ཡང་ག་དེ་སྦེ་ཤེསཔ་སྨོ་ཟེར་བ་ཅིན་སི་ཏུའི་ཞལ་ལུང་ནང་བདག་སྒྲ་འདི་ཕྲད་རང་དབང་ཅན་གྱི་ས་བཅད་[8]ཀྱི་འོག་ལུ་བཤད་ཡོདཔ་མ་ཚད། བདག་སྒྲའི་ཕྲད་དེ་ཚུ་རྗེས་འཇུག་ལུ་ལྟོས་དགོ་པའི་ལོ་རྒྱུས་ཟུར་ཙམ་ཅིག་ར་མ་གསུངས་མི་གིས་ཤེས་ཚུགས་པས།

ཨིན་རུང་ཚེ་བརྟན་ཞབས་དྲུང་གིས་བདག་སྒྲའི་ཐད་ལུ་དངུལ་ཆུའི་རྗེས་སུ་འབྲངས་ནི་ཨིན་ཟེར་གསུངས་བཞིན་དུ་ར་དངུལ་ཆུ་དང་མ་འདྲཝ་སྦེ་བདག་སྒྲ་ཕྲད་གཞན་དབང་ཅན་ཨིནམ་སྦེ་གསུངམ་མ་ཚད། ད་རུང་སི་ཏུའི་ཞལ་ལུང་གི་དགོངས་པ་ལྟར་དེ་སྦེ་ཁས་ལེནམ་ད་ལུ་བདག་སྒྲ་རྗེས་འཇུག་ལུ་མ་ལྟོས་པའི་ཕྲད་རང་དབང་ཅན་ཨིན་ཟེར་གསུངས་མི་གི་ཁས་བླངས་ཡང་རང་བཞིན་གྱིས་ཉམས་འགྱོཝ་ཨིན་[9]ཟེར་སྐད་སིངས་སིངས་སྦེ་གསུངས་མི་འདི་ཚེ་བརྟན་ཁོ་རང་ཐུགས་མཉམ་པར་མ་བཞག་པའི་རྟགས་སྟོན་ནུག།

དེ་སྦེ་འབདན་ལེགས་བཤད་ལྗོན་དབང་ནང་ལུ་བདག་སྒྲའི་ཕྲད་གཞན་དབང་ཅན་ཨིནམ་སྦེ་བཤད་ཡོད་ག?
དེ་སྦེ་འབདན་ལེགས་བཤད་ལྗོན་དབང་ནང་ལུ་བདག་སྒྲའི་ཕྲད་གཞན་དབང་ཅན་ཨིནམ་སྦེ་བཤད་ཡོད་ག་ཟེར་བ་ཅིན། ལེགས་བཤད་ལྗོན་དབང་ནང་ལུ་བདག་སྒྲའི་ཕྲད་དྲུགཔོ་དེ་ཚུ་རྗེས་འཇུག་དང་འཁྲིལ་སྦྱར་དགོཔ་སྦེ་གསུངས་ཡོད་རུང་། དེ་སྦེ་སྦྱར་བ་ཅིན་ལེགས་ཤོམ་འོང་ནི་མས་[10]ཟེར་གསུངས་ཡོདཔ་མ་གཏོགས། ཨིན་ཅི་མིན་ཅི་དེ་སྦེ་སྦྱར་དགོ་ཟེར་གསུངས་གསུངམ་མེད། དབྱངས་ཅན་གྲུབ་རྡོར་གྱི་དངོས་སློབ་དགེ་སློང་དཀའ་ཆེན་པདྨ་གིས་བརྩམས་པའི་ལྗོན་དབང་གི་འགྲེལ་པ་ནང་ལུ་ཡང་། ཕལ་ཆེར་[11]ཟེར་བའི་སྒྲ་སྦྱར་ཏེ་མང་ཆེ་བ་ལུ་དེ་སྦེ་སྦྱར་བ་ཅིན་ལེགས་ཤོམ་འོང་ནི་མས་ཟེར་གསལ་རི་རི་སྦེ་གསུངས་བཞག་ནུག། དེ་འབདཝ་ལས་ལེགས་བཤད་ལྗོན་དབང་རྩ་འགྲེལ་ག་ཅི་ནང་ལུ་ཡང་བདག་སྒྲ་ཕྲད་གཞན་དབང་ཅན་ཨིནམ་སྦེ་སྟོན་སྟོནམ་མེདཔ་ཨིནམ་གསེར་སྦྱངམ་དང་འདྲ་བའི་མིག་ཏོ་གཉིས་མེ་ཏོག་གི་ལྡུམ་ར་དང་འདྲ་བའི་ལེགས་བཤད་ལྗོན་དབང་གི་རྩ་འགྲེལ་གཉིས་ནང་ལུ་བལྟ་སྐོར་ཚར་གཅིག་གཏང་པ་ཅིན་ཤེས་ཚུགས་ནི་མས།

དེ་མ་ཚད་གོང་ལུ་བཤད་དོ་བཟུམ་སྦེ།  ལེགས་བཤད་ལྗོན་དབང་གི་རྩོམ་པ་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་འདི་དངུལ་ཆུ་དྷརྨ་བྷ་དྲ་ཨིནམ་ལས།  བླ་མ་གིས་ཕྲད་རང་དབང་ཅན་ཨིནམ་སྦེ་གསུངས་མི་ལུ།  སློབ་མ་གིས་ཕྲད་གཞན་དབང་ཅན་ཨིནམ་སྦེ་གསུངས་པ་ཅིན་བླམ་དང་སློབ་མ་གཉིས་དགོངས་པ་མ་པ་ལས་ར་ཕྱི་འགྱུར་འགྱོ་ནི་ཨིན་མི་འདི་ཆང་གིས་ར་བཟི་ཡོདན་མ་ཤེས་དེ་མིན་མནོ་བསམ་རྒྱ་སྦོམ་སྦེ་ག་ནི་ཡང་གཏང་མ་དགོ་པར་ཧ་གོ་ཚུགས་དགོཔ་ཅིག་ཨིན་མས།  དེ་བཟུམ་སྦེ་ད་རུང་དབྱངས་ཅན་གྲུབ་པའི་རྡོ་རྗེ་གིས་བརྩམས་པའི་ལེགས་བཤད་ལྗོན་དབང་ནང་བཤད་རིགས་བཤད་ཚད།  དངུལ་ཆུ་དྷརྨ་བྷ་དྲའི་བཞེད་གཞུང་སི་ཏུའི་ཞལ་ལུང་ལུ་གཞི་བཞག་སྟེ་བཤད་བཤདཔ་ཨིན་པ་ཅིན། ཁུངས་གཏུགས་སའི་གཞུང་དང་དེ་ལུ་ཁུངས་གཏུགས་ཏེ་བརྩམས་པའི་གཞུང་གཉིས་ཀྱི་བར་ན་དགོངས་པ་མ་འདྲཝ་མི་ཐོན་ནི་ཨིནམ་ཡང་བློ་གྲོས་དང་ལྡན་མི་ཅིག་ཨིན་པ་ཅིན་ཤེས་ཚུགས།

དོན་བསྡུ་བ།
ད་དེ་སྦེ་འབདན་སི་ཏུ་རྐྱངམ་ཅིག་གིས་མ་གཏོགས་གཞན་ཆ་ཁྱབ་ཀྱིས་ཐུ་མིའི་དགོངས་པ་ཧ་གོཝ་ཨིན་ན་མནོ་བ་ཅིན། སུམ་ཅུ་པའི་འགྲེལ་བྱེད་མཁན་པོ་ག་ར་གིས་ཐུ་མིའི་དགོངས་པ་ལོན་ས་ཅིག་རུང་། སི་ཏུ་གིས་སུམ་ཅུ་པའི་དངོས་བསྟན་གཙོ་བོར་བཏོན་ཏེ་བཤད་ནི་དང་། གཞན་གྱིས་ཁ་སྐད་ཀྱི་འཇུག་པ་ལུ་གཙོ་བོར་བཏོན་ཏེ་བཤད་པའི་ཁྱད་པར་གྱིས་སྦེ་དགོངས་པ་མ་འདྲཝ་ཐོན་སོངཔ་ཨིན་མས། དེ་འབདཝ་ལས་སི་ཏུ་གིས་བ་བོ་དང་མ་མོ་ཚུ་བདག་སྒྲའི་ཕྲད་སྦེ་ཞལ་གྱིས་མ་བཞེས་མི་འདི་ཡང་སུམ་ཅུ་པའི་དངོས་བསྟན་གྱི་དགོངས་དོན་ཨིནམ་སྦེ་ཞལ་གྱིས་མ་བཞེསཔ་མ་གཏོགས། མ་པ་ལས་བདག་སྒྲ་ལུ་འཇུག་པ་མེད་ཟེར་གསུངས་གསུངམ་མེན་པས།

དེ་སྦེ་ཨིནམ་ག་དེ་སྦེ་ཤེསཔ་ཟེར་བ་ཅིན། ཇ་མ་དང་ཆང་མ་ཟེར་བའི་མ་ཡིག་གིས་བདག་པོའི་དོན་སྟོན་ས་ཅིག་རུང་པུ་ལིངྒའི་སྒྲ་མེན་པར་སྟྲི་ལིངྒའི་སྒྲ་འབད་ནི་འདི་གིས་བདག་སྒྲ་ལུ་མི་འཇུག་[12]ཟེར་གསུངས་མི་གིས་ཧ་གོ་ཚུགས་པས། དེ་སྦེ་འབདན་སི་ཏུ་གིས་བདག་སྒྲའི་ཕྲད་པ་པོ་གཉིས་རྐྱངམ་ཅིག་མེན་པར་གཞན་ཡང་ཞལ་གྱིས་བཞེསཔ་ཨིན་ན་ཟེར་བ་ཅིན། སུམ་ཅུ་པའི་དངོས་བསྟན་དང་འཁྲིལཝ་ད་པ་པོ་གཉིས་རྐྱངམ་ཅིག་ལས་བརྒལ་ཞལ་གྱིས་མ་བཞེས་ས་ཅིག་རུང་། སྤྱི་སྒྲའི་སྐབས་[13]ལུ་གསུངས་དོ་བཟུམ་འཇིག་རྟེན་གྱི་ཉེར་སྤྱོད་དང་འཁྲིལ་ཏེ་སྐབས་ཐོབ་དང་བསྟུན་བདག་སྒྲའི་ཕྲད་བ་བོ་དང་མ་མོ་ཡང་ཞལ་གྱིས་བཞེསཔ་ཨིན་སླབ་པ་ལུ་ཐེ་ཚོམ་ཟ་དགོཔ་མིན་འདུག།

འ་ནེ་སྦེ་འབདཝ་ད་ལེགས་བཤད་ལྗོན་དབང་དང་སུམ་ཅུ་པ་གཉིས་དགོངས་པ་འགལ་བ་མེདཔ་མ་ཚད། སི་ཏུ་དང་དངུལ་ཆུ་གཉིས་ཡང་དགོངས་པ་གཅིག་དང་དབྱངས་གཅིག་ཨིནམ་འགྲུབ་ཚུགས། པུ་ལིངྒ་ཡི་སྒྲ་དོན་འགྲེལ་བཤད་ཀྱི་ཐད་ལུ་ཡང་སི་ཏུ་གིས་སུམ་ཅུ་པ་ཁོ་རའི་དངོས་བསྟན་ལུ་གཞི་བཞག་ཡོདཔ་ད། དངུལ་ཆུ་གིས་ལེགས་སྦྱར་གྱི་སྒྲ་གཞུང་ལུ་གཞི་བཅོལ་མི་ལུ་བརྟེན་ཏེ་ཁྱད་པར་བྱུང་ནུག། དངུལ་ཆུ་དང་གིས་པུ་ལིངྒའི་འགྲེལ་བཤད་སི་ཏུ་དང་མ་འདྲཝ་སྦེ་རྐྱབ་ཡོད་རུང་། སི་ཏུའི་འགྲེལ་བཤད་ལུ་དགག་པ་མ་རྐྱབ་མི་ལུ་བལྟ་བ་ཅིན། མཁས་པས་བཤད་ན་ཅི་ཡང་བདེན་ཟེར་གསུངས་དོ་བཟུམ། པུ་ལིངྒའི་སྒྲ་དོན་འགྲེལ་བཤད་འདི་ག་དེ་སྦེ་རྐྱབ་རུང་འགལ་བ་མེདཔ་འོང་ནི་ཨིན་མས།

ཨིན་རུང་ཚེ་བརྟན་ཞབས་དྲུང་གིས་སི་ཏུ་དང་དངུལ་ཆུ་གཉིས་དགོངས་པ་སོ་སོ་ཨིནམ་སྦེ་བཟུང་ཞིན་ན་ཁོ་ར་དངུལ་ཆུའི་ཕྱོགས་བཟུང་རྫུན་བཏབ་ས་ཅིག་རུང་། ཁོ་གི་གཞུང་ནང་ལུ་དངུལ་ཆུའི་དགོངས་པ་དང་མ་མཐུན་པའི་འདོད་པ་ལེ་ཤ་ཅིག་ར་མཐོངམ་ལས། ཁོ་གི་དགོངས་པའི་ཞེ་ཕུགས་ག་ཅི་ཨིན་ན་ད་ལྟོ་ཡང་ང་གིས་ཧ་མ་ཚུགས། དེ་འབད་ནི་འདི་གིས་ཁོ་གི་དགོངས་པ་དང་མཁས་པ་གཞན་གྱི་དགོངས་པ་གཉིས་འགལ་མེད་འགྲུབ་མ་ཚུགསཔ་ལས་བརྟེན། གནས་སྐབས་ཅིག་ཐབས་ར་མེད་པར་ཤད་བཞི་རྐྱབ་བཞག་དགོཔ་བྱུང་ཡི༎ ༎

[1] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཤོག་གྲངས་༡༣༩ ལས་མར་གཟིགས།

[2] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༧ ལོ་ལུ་སྤར་སྐྲུན་འབད་བའི་སུམ་ཅུ་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཤོག་གྲངས་༡༩ ལས་མར་གཟིགས།

[3] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༦ གི་རྒྱབ་ལུ་གཟིགས།

[4] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སུམ་རྟགས་ཀྱི་རྣམ་བཤད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དུ་འབོད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ཤོག་གྲངས་༦༣ ལས་མར་གཟིགས།

[5] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༧ ལུ་གཟིགས།

[6] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༦ གི་རྒྱབ་ལུ་གཟིགས།

[7] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཤོག་གྲངས་༡༤༢ ལུ་གཟིགས།

[8] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༧ ལོ་ལུ་སྤར་སྐྲུན་འབད་བའི་སུམ་ཅུ་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཤོག་གྲངས་༡༦ ལུ་གཟིགས།

[9] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༧ ལུ་གཟིགས།

[10] ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་མཐར། །བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །

[11] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སུམ་ཅུ་པའི་སྙིང་པོའི་དོན་གསལ་ཤོག་གྲངས་༨༤ ལུ་གཟིགས།

[12] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་ཤོག་གྲངས་༡༤༣ ལས་མར་གཟིགས།

[13] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོ་ལུ་སྤར་སྐྲུན་འབད་བའི་སི་ཏུའི་འགྲེལ་ཆེན་ཤོག་གྲངས་༡༣༩ ལུ་གཟིགས།

“གལ་སྲིད་ཁྱབ་བསྒྲགས་འདི་ལུ་མ་གནས་པར་རྐྱེན་ངན་རེ་འབྱུང་པ་ཅིན་ང་བཅས་ཀྱིས་ཉེན་ཁ་མི་འབག།”

“གལ་སྲིད་ཁྱབ་བསྒྲགས་འདི་ལུ་མ་གནས་པར་རྐྱེན་ངན་རེ་འབྱུང་པ་ཅིན་ང་བཅས་ཀྱིས་ཉེན་ཁ་མི་འབག།” འ་ནི་འདི་འབྲུག་རྒྱང་བསྒྲགས་དང་གསར་ཤོག་ཚུ་ནང་འཕྲལ་འཕྲལ་སྐབས་ར་མཐོང་ནི་ཡོད་པའི་ཁྱབ་བསྒྲགས་ཅིག་ཨིན། ཁྱབ་བསྒྲགས་འདི་མང་ཤོས་ར་རྐྱེན་ངན་གཅིག་བྱུང་པའི་ཤུལ་ལུ་ཐོན་ནི་ཡོད། ལོ་གཅིག་གི་ཧེ་མ་ལས་ཁྱབ་བསྒྲགས་འདི་གི་སྐོར་ལས་ང་ར་གིས་ང་ར་ལུ་དྲི་བ་ལེ་ཤ་ཅིག་བཀོད་བལྟ་ཡི། ཨིན་རུང་ད་རེས་ཚུན་ཚོད་ཀྱི་བར་ན་དྲི་བ་དེ་ཚུ་ལུ་ལན་ཅིག་རྩ་ལས་ར་ཐོབ་མ་ཚུགས། དྲི་བ་དེ་ཚུ་ཡང་གཤམ་གསལ་ལྟར་ཨིན།

༡༽ཁྱབ་བསྒྲགས་མ་འབད་བའི་ཧེ་མ་རྐྱེན་ངན་བྱུང་མི་དེ་གི་སྐོར་ལས་ཉེན་ཁ་ག་གིས་འབགཔ་ཨིན་ན།

༢༽ཉེན་ཁ་འབག་སྟེ་གིས་སྦེ་ག་ཅི་འབདཝ་ཨིན་ན།

༣༽དཔེར་ན་ན་ཧིང་གཞེས་ཧིང་ཅིག་ཁར་ཅང་བང་གྲོང་ལུ་ཨ་ལོ་ཅིག་ཆུ་དུང་གུ་ལས་འགྱོཝ་ད་རྦོབ་རིལ་ཏེ་ཆུ་གིས་ཕྱག་འབག་པའི་ཤུལ་ལས། ཉེན་ཁག་མི་འབག་ཟེར་བའི་ཁྱབ་བསྒྲགས་ཅིག་འབད་ཡི། དེ་འབདཝ་ད་ཨ་ལོ་དེ་ཁྱབ་བསྒྲགས་མ་འབད་བའི་ཧེ་མ་ཕྱག་འབག་འབགཔ་ཨིནམ་ལས་ག་གིས་ཉེན་ཁ་འབག་སྟེ་ག་ཅི་འབད་ཡི།

༣༽ཁྱབ་བསྒྲགས་འབད་བའི་ཤུལ་ལུ་རྐྱེན་ངན་བྱུང་པ་ཅིན་ག་ཅི་འབད་ནི།

༤༽རྐྱེན་ངན་བྱུངམ་ཅིག་ར་བརྡ་བརྒྱུད་ཚུ་གིས་དེ་གི་ཉེན་ཁ་ག་ལུ་ཕོགཔ་ཨིན་ན་ཟེར་བའི་དྲི་བ་གཅིག་ཤུལ་གཉིས་ཤུལ་བཀོད་ནི་འདུག ཉེན་ཁ་ག་གིས་འབག་དགོཔ་སྨོ།

༥༽ཉེན་ཁ་འབག་སྟེ་ག་ཅི་འབད་དགོཔ་སྨོ།

༦༽ཉེན་ཁ་འབག་མ་འབག་ལུ་ཁྱད་པར་ག་ཅི་ཡང་མེད་པ་ཅིན་དེ་བཟུམ་གྱི་ཁྱབ་བསྒྲགས་འབད་དེ་ཁུངས་ག་ཅི་འདུག

དྲི་བ་དེ་ཚུ་ལུ་ལན་མེད་པ་ཅིན་ཉེན་ཁ་མི་འབག་ཟེར་བའི་ཁྱབ་བསྒྲགས་འདི་གི་ཚབ་ལུ། དྲན་གསོའི་ཁྱབ་བསྒྲགས་འབད་བ་ཅིན་འོས་འབབ་ཆེ་ནི་བཟུམ་མིན་འདུག་ག་ཟེར་ང་རའི་བསམ་འཆར་སྦེ་ཞུཝ་ཨིན།

རྫོང་ཁ་ཟེར་བའི་ཐ་སྙད་ག་ཏེ་ལས་བརྒྱུད་དེ་འོང་འོངམ་ཨིན་ན།

རིག་གཞུང་སློབ་རིམ་༡༢ པའི་ལོ་ཕྱེད་ཆོས་རྒྱུགས་ཀྱི་དྲི་བ་ནང་ལུ་ “རྫོང་ཁ་ཟེར་བའི་ཐ་སྙད་འདི་ག་ཏེ་ལས་བརྒྱུད་དེ་འོང་འོངམ་ཨིན་ན?” ཟེར་མི་ཅིག་འདུག སློབ་ཕྲུག་ང་བཟུམ་ཅིག་འབད་བ་ཅིན་དྲི་བ་དེ་གི་ལན་རྐྱབ་ཡང་མི་ཤེས་ནི་མས། ཨིན་རུང་ད་རེས་ནང་པའི་ན་གཞོན་ཆ་ཁྱབ་གཅིག་བ་གཅིག་རིག་པ་གསལ་ནི་འདི་གིས། དྲི་བ་ག་ཅི་བཟུམ་ཡོད་རུང་ལན་ཤར་ཤར་རྐྱབ་ར་ཨིན་མས།

ང་གིས་སློབ་ཕྲུག་གཉིས་ཀྱི་ལན་ཤོག་ལྷག་བལྟ་ཡི། ཁོང་གཉིས་ཆ་ར་གིས་ལན་སོ་སོ་རེ་བྲིས་ནུག། དེ་ཡང་གཅིག་གིས་འབད་བ་ཅིན་རྫོང་ཁ་ཟེར་བའི་ཐ་སྙད་དེ་བོད་ལས་བརྒྱུད་དེ་འོང་འོངམ་ཨིན་ཟེར་ཨིན་མས། གཅིག་གིས་འབདན་ལྷོ་མོན་ལས་བརྒྱུད་དེ་འོང་འོངམ་ཨིན་ཟེར་བྲིས་ནུག། འ་ནི་ལན་གཉིས་ཆ་ར་ལྷག་བལྟ་རུང་ང་གིས་དྲི་བ་དེ་གི་དོན་དག་ཧ་གོ་མ་ཚུགས། ལན་ཤོག་ནང་ལུ་བལྟ་བ་ཅིན་ལན་གཉིས་ཆ་ར་གིས་སྐུགས་རེ་རེ་འདྲན་འདྲ་ཐོབ་ཆི་ནུག

དྲི་བ་དེ་གི་དོན་དག་ཧ་གོ་ནི་གི་དོན་ལུ་ང་གིས་དེ་སྦེ་དབྱེ་དཔྱད་འབད་བལྟ་ཡི། དེ་ཡང་རྫོང་ཁ་ཟེར་མི་འདི་ནི་ང་བཅས་རའི་རྒྱལ་ཡོངས་ཁ་སྐད་འདི་ཨིན་མས། རྫོང་ཁ་ཟེར་བའི་ཐ་སྙད་ཟེརཝ་ད་རྒྱལ་ཡོངས་སྐད་ཡིག་ལུ་རྫོང་ཁ་ཟེར་བའི་མིང་ཟེར་བའི་དོན་ཨིནམ་འོང་ནི་མས། ད་འ་ནེ་སྦེ་འབདཝ་ད་ལུ་དྲི་བ་དེ་གི་དོན་གོཝ་འཇམ་ཏོང་ཏོ་བཟོ་སྦེ་སླབ་པ་ཅིན། རྫོང་ཁ་ཟེར་བའི་མིང་འདི་ག་ཏེ་ལས་འོང་འོངམ་ཨིན་ན་ཟེར་ཨིནམ་འོང་ནི་མས།

རྫོང་ཁ་ཟེར་བའི་མིང་འདི་ག་ཏེ་ལས་འོང་ཡི་ག་ཡ? མིང་ཟེར་མི་འདི་ང་བཅས་ར་མི་གིས་དངོས་པོ་ལུ་ཕར་བཏགསཔ་མ་གཏོགས། མིང་ཁོ་ར་གིས་ས་གནས་གཅིག་ལས་གཅིག་ལུ་འོང་ནི་མེད། ས་གནས་གཅིག་ལས་གཅིག་ལུ་འོང་ནི་ར་མེད་པ་ཅིན་ད་རུང་ས་གནས་གཞན་གཅིག་ལས་བརྒྱུད་དེ་གིས་སྦེ་ག་དེ་སྦེ་འོང་ནི། ག་དེམ་ཅིག་སྦེ་འོང་ནི་ཡོད་པ་ཅིན་འོང་པའི་འབྲས་བུ་ལྷོད་ནི་ཡང་ཡོད་དགོ་ནི་མས། དེ་སྦེ་འབད་བ་ཅིན་རྫོང་ཁ་ཟེར་བའི་ཐ་སྙད་འདི་ག་ཏེ་ལྷོད་ཅི་ག་ཟེར་དྲི་བ་ཅིན་དེ་གི་ལན་ག་དེ་སྦེ་སླབ་ནི་སྨོ།

གལ་སྲིད་འོང་ནི་དང་ལྷོད་ནི་ཚུ་ཡོད་པ་ཅིན་འགྱོ་ནི་ཡང་ཡོད་དགོ་ནི་མས། དེ་ཡང་ཡོད་པ་ཅིན་ད་ལས་ཕར་རྫོང་ཁ་ཟེར་བའི་ཐ་སྙད་དེ་ག་ཏེ་འགྱོ་ནི་ན་དང་། ནམ་འགྱོ་ནི་ན་ཟེར་བའི་དྲི་བ་ཡང་འཐོན་སྲིད་ནི་ཨིནམ་ལས་སློབ་ཕྲུག་ཆ་ཁྱབ་ཀྱིས་ད་ལྟོ་ལས་ར་དྲི་བ་དེ་གི་ལན་འཚོལ་ཞིབ་འབད་དགོཔ་འདུག

ང་གིས་འབདན་རྫོང་ཁ་ཟེར་བའི་ཐ་སྙད་འདི་ག་ཏེ་ལས་ཡང་མ་འོང་། ག་ཏེ་ལས་ཡང་མ་བརྒྱུད། ག་ཏེ་ཡང་མ་ལྷོད། ད་ལས་ཕར་ག་ཏེ་ཡང་མི་འགྱོ་ཟེར་ཞུ་ནི་སྦེ་ཨིན།

ང་བཅས་འབྲུག་པའི་མི་གི་འབད་བཞག

ད་ཅི་ལྟོ་ཟ་ཚར་ཞིན་ན་ཕྱི་ཁར་ཚར་གཅིག་ཁམས་སངས་ལུ་སོང་བལྟ་བལྟཝ་ཨིན། ངེའི་ཁྱིམ་གྱི་སྒོ་ཁར་ལུ་ར་མི་དམངས་ཀྱི་སྣུམ་འཁོར་བཞག་ས་སྦོམ་ཅིག་ཡོད། ཁྱིམ་ནང་ལས་ཐོན་ཏེ་སྣུམ་འཁོར་བཞག་ས་ལུ་ལྷོདཔ་ད་སྣུམ་འཁོར་ཨཱལ་ཊོ་ཀར་ཅིག་བཀག་སྡོད་ནུག སྣུམ་འཁོར་བཀག་ཞིན་ན་དེད་གཡོགཔ་དེ་སྣུམ་འཁོར་ནང་ལས་ཐོན་ནི་འབད་བའི་བསྒང་ཨིན་མས།

དེམ་ཅིག་གི་བར་ན་བཞག་འཐུས་བསྡུ་ལེན་པ་གིས་སྣུམ་འཁོར་དེ་གི་སྦོ་ལོགས་ཁར་སོང་ཞིན་ན་གུས་ཞབས་ཀྱི་ཐོག་ལས་དེ་སྦེ་སླབ་དེས། “སཱར། སྣུམ་འཁོར་ཨ་ཙི་ཅིག་ཕར་འབད་བཞག་གནང་།”

“ག་ཅི་སྦེ།? ནཱ་ནོ་པར་ཀིང་ཨིན་ན།?” དེད་གཡོགཔ་གིས་གནམ་མེད་ས་མེད་འཇིགས་སྐྲག་སྟོན་ཐོག་ལས་སྦེ་སླབ་མས།

“མེན་ལགས། ནཱ་གི་སྣུམ་འཁོར་དང་ཕ་ཁ་ཐུག་གི་སྣུམ་འཁོར་གྱི་བར་ན་ས་ཁོངས་སྦོམ་འདུག་མནོ་སྟེ་ཨིན། དེ་སྦེ་བཞག་པ་ཅིན་སྣུམ་འཁོར་གསུམ་གྱི་ས་ཁོངས་སྣུམ་འཁོར་གཉིས་ཀྱིས་བཀང་ད་མས་སྦ་ལགས།”

“དེ་གི་སྐོར་ལས་སླབ་མི་ཁྱོད་ཨིན་ན། ཁྱེད་ར་སྣུམ་འཁོར་བཞག་འཐུས་བསྡུ་ལེན་འབད་མི་ཨིན་མས། སྣུམ་འཁོར་བཞག་མི་ལས་བཞག་འཐུས་འདི་ར་བསྡུ་ལེན་འབད་ནི་མམ།་་་་་་་་་་་་་”

ཡཱ་ཆ་རོགས་ཚུ། ང་བཅས་འབྲུག་པའི་མི་གི་འབད་བཞག་ག་དེ་སྦེ་འདུག རང་གིས་མནོ་མ་ཤེས་པའི་མཐའ་མར་རོགས་ཀྱིས་དྲན་གསོ་འབད་འོང་རུང་། དེ་ལུ་ངོས་ལེན་འབད་མི་བཏུབ་པས། ཁ་གིས་ཆོས་ལྡན་གྱི་རྒྱལ་ཁབ་དང་། ང་བཅས་ར་ནང་པའི་ཆོས་འབད་མི་ཨིན་ཟེརཝ་མས། ནང་པའི་ཆོས་འབད་མི་གི་འབད་བཞག་དེ་སྦེ་ཨིན་ན།

དེ་གིས་ག་ཏེ་དོ་ནི། ཁ་ཡར་འགྱངས་རུང་མར་བཙུམས་རུང་སྔར་སྲོལ་བཟང་པོ་ལྟ་སྔར་སྲོལ་བཟང་པོ་ཟེར་སླབ་ནི་ཡོད། སྔར་སྲོལ་བཟང་པོ་ཟེར་མི་འདི་གོ་དང་དཀྱི་ར་གྱོན་ནི་དང་། རང་ལས་གོངམ་ལུ་གུས་ཞབས་འབད་ནི་རྐྱངམ་ཅིག་ལུ་སླབ་ཨིན་ན། རང་དང་མཉམ་པ་དང་དེ་ལས་གཞན་ལུ་གུས་ཞབས་འབད་མ་དགོཔ་ཨིན་ན།

འ་ནེ་སྦེ་འབདཝ་ད་ང་གིས་འབདན་སྔར་སྲོལ་བཟང་པོ་ཟེརཝ་ད་འཆམ་དང་ཚེས་བཅུ། དུས་སྟོན་ལ་སོགས་པ་རྐྱངམ་ཅིག་ཉམས་སྲུང་འབད་ནི་མེན་པར་ཞིན་ན། འབྲུག་མི་རེ་རེ་བཞིན་གྱི་འབད་བཞག་བཅའ་བཞག་ཉམས་སྲུང་འབད་ནི་འདི་ག་ནི་ལས་གལ་ཆེ་ཤོས་བཟུམ་ཅིག་མཐོང་མས་ཟེར་ཞུ་ནི་ཨིན།

རང་གི་རང་བཞིན་བརྗོད་པའི་ཀ་རྩོམ།


ཀ་བ་བཟུམ་གྱི་དྲང་པོའི་སེམས་འབག་སྟེ། །
ཁ་ཐུག་ཕོག་མི་ལཱ་རང་འབདཝ་མ་གཏོགས། །
ག་ཅི་འབད་རུང་གཞན་ལུ་ངོ་སྟོན་ཏེ། །
ང་རང་འཇོན་དྲགས་ཨིནམ་བཟུམ་འབད་མ་མྱོང་། །

ཅ་ཅོ་ཧན་པའི་གཏམ་གྱི་མགུ་བསྐོར་ཡང་། །
ཆ་ཙམ་ཅིག་ར་ང་གིས་སླབ་མ་མྱོང་། །
ཇ་དང་ཆང་གིས་ནང་གསུག་སྤྲོད་ནི་ཡང་། །
ཉམས་ཆུང་ང་གིས་རྩ་ལས་འབད་འབདཝ་མེད། །

ཏ་མིང་དཔོན་ལུ་བཅམ་ཅ་འབད་མ་མྱོང་། །
ཐ་མལ་མི་ལུ་བརྙས་བཅོས་འབད་མ་མྱོང་། །
ད་ཚུན་དྲང་པོའི་ལཱ་ར་འབད་སྡོདཔ་ལས། །
ན་ཚོད་རྒསཔ་ད་བློ་འགྱོད་བསྐྱེད་དགོཔ་མེད། །

པ་ལོ་བཀྲེག་པའི་གྲལ་ལས་ཐོན་རུང་ཡང་། །
ཕ་ཆོས་རྒྱབ་ཁར་བསྐྱུར་ཏེ་བཞག་བཞགཔ་མེད། །
བ་གླང་བཟུམ་མའི་ཤེས་པ་རྨོངས་རུང་ཡང་། །
མ་རུང་པ་ཡི་བྱ་སྤྱོད་འབད་མ་མྱོང་། །

ཙ་ཀ་ཙི་ཀིའི་ལཱ་ལུ་མགུ་འཁོར་ཏེ། །
ཚགས་ཁར་ཚུད་པའི་སློབ་སྦྱོང་མ་འབདཝ་ལས། །
ཛ་ར་ཛོ་རོའི་ལཱ་འབད་ཤེསཔ་མ་གཏོགས། །
ཝ་ལེར་གསལ་བའི་ཡོན་ཏན་ང་ལུ་མེད། །

ཞར་དང་ཞོར་ཁར་ཨིང་ལིཤི་མ་ལྷབ་ལས། །
ཟང་ཟིང་རྒྱུ་ནོར་བསྒྲུབ་པའི་ཐབས་མི་ཤེས། །
འ་འུར་ངང་ལུ་མི་ཚེ་རྫོགས་འགྱོཝ་ད། །
ཡ་མེད་ང་རང་སེམས་པ་ཧིང་ལས་སྐྱོ། །

ཧ་ཅང་ཐུང་བའི་མི་ཚེ་འདི་ནང་ལུ། །
ཨའི་ལུ་ཞབས་འདྲེན་ཞུ་ཞུཝ་མེད་རུང་ཡང་། །
ཆོས་དང་འཇིག་རྟེ་མཐར་ཕྱིན་མ་ཚུགསཔ་ལས། །
ཨའི་གི་ཨོམ་རིན་མ་འབྱོར་ངོ་ཚ་བས། །

བརྩེ་དུང་གི་ནུས་པ་དང་ལྷའི་བྱིན་མཐུ།



དང་ཕུ་དིང་ཕུ་ར་སྤ་མེནམ་ཅིག་ཁར། ཧིན་དུའི་ཆོས་འབད་མི་བུ་ཅིག་དང་བུམོ་ཅིག གཅིག་གིས་གཅིག་ལུ་གནམ་མེད་ས་མེད་དགའཝ་མཐུནམ་ལོག་སོ་ནུག། ཁོང་གཉིས་གཅིག་ཁར་མེད་པར་ཡུདཔ་ཐེངས་གཅིག་ཡང་མི་ཆགས་དོ་ཡོདཔ་མས། དེ་མ་ཚད་གཅིག་གིས་གཅིག་གི་དོན་ལུ་རང་རང་སོ་སོའི་སྲོག་ཡང་བློས་བཏང་ཚུགསཔ་ཐལ་ཏེ་སྡོད་ནུག།
ཁོང་གཉིས་གཅིག་གིས་གཅིག་མེད་པར་ཡུདཔ་ཐེངས་གཅིག་ཡང་མ་ཆགས་ས་ཅིག་རུང་། ཐབས་ར་མེད་པར་སོ་སོར་སྡོད་དགོ་དོ་ཡོདཔ་ཨིན་མས། དེ་སྦེ་འབད་ནི་འདི་གིས་ཁོང་གཉིས་ཉིནམ་ཨ་རྟག་ར་ཁོང་རའི་ཕམ་སྤུན་ཆ་གིས་མ་ཤེསཔ་སྦེ། ཚལ་མ་ནང་མཱན་རྡིར་ཅིག་ཡོད་ས་ལུ་ཕྱད་དེ་དགའ་སྤྲོ་བསྒྱུར་སྡོད་དོ་ཡོདཔ་ཨིན་མས། མཱན་རྡིར་དེ་ཁོང་གཉིས་ཀྱི་དོན་ལུ་ལྷའི་ཞིང་ཁམས་ངོ་མ་ཅིག་ལུ་གྱུར་སོ་ནུག།
ཚར་གཅིག་འབདཝ་ད་ཁོང་གཉིས་ཀྱི་སྐོར་ལས་བུམོ་དེ་ལུ་ནུ་གཅུང་ཅིག་ཡོད་མི་དེ་གིས་ཧ་གོ་ཆི་ནུག། དེ་ལས་ཉིནམ་གཅིག་གི་ཚེ་བུམོ་གི་ནུ་གཅུང་དེ་གིས་ག་གིས་ཡང་མ་ཤེསཔ་སྦེ་ཁོ་རའི་ཨ་ཞེམོ་དང་ཨ་ཞེམོ་གི་ཧིང་གི་གཅེས་གཅེས་གཉིས་ཕྱད་ས་ལུ་སོང་སྦེ་སྡོད་ནུག།
གཅིག་གིས་གཅིག་ལུ་ཆགས་སེམས་དང་བརྩེ་དུང་སྲན་ར་མ་ཚུགསཔ་སྦེ་ཡོད་ནི་འདི་གིས། གཅིག་ཁར་ཕྱད་པའི་དུས་ཚོད་ནམ་འོང་ག་མནོ་སྟེ་སག་ལངས་ཏེ་སྡོད་དོ་ཡོདཔ་ལས། ནམ་ར་འབད་རུང་ཁོང་གཉིས་ཆ་ར་གིས་དུས་སྟབས་བཞག་ས་ལུ་དུས་ཚོད་མ་རན་པའི་གདོང་ལས་ར་ལྷོད་དོ་ཡོདཔ་ཨིན་མས། དེ་ཚེ་ཡང་བུཚ་དེ་གིས་དུས་སྟབས་ཀྱི་དུས་ཚོད་མ་རན་པའི་སྐར་མ་སུམ་ཅུ་དེ་ཅིག་གི་གདོང་ལས་ལྷོད་ནུག།
ཁོ་གློཝ་ནང་ཁྲོལ་ག་ར་ཁར་བརྫངས་རུང་ངལ་མ་འཚོ་བར་རྩ་འགེངས་འོངས་ཏེ། དགོན་པར་ལྷོདཔ་ད་འབད་ཚེ། དགོན་པའི་ནང་གི་མ་ཧཱ་ཀཱ་ལི་གི་སྐུ་མདུན་ལུ་ཨ་རྟག་བསྒུག་སར་བསྒུགས་མི་དེ། ཨ་རྟག་བསྒུག་མི་མི་དེ་མེན་པར་མི་སོ་སོ་ཅིག་མཐོང་ནུག། མིག་ཏོ་འཁྲུལཝ་ཨིན་ན་མནོ་སྟེ་མིག་ཏོ་ཕྱག་སྟེ་བལྟ་རུང་ཡང་སོ་སོ་ཅིག་ར་མཐོང་ནུག། ཨིན་རུང་བདེན་རྫུན་མ་རེ་བར་སྦོ་ལོགས་ཁར་ར་འོངས་ཏེ་ལེགས་ཤོམ་སྦེ་ར་བལྟ་རུང་། ཁོ་གི་དོན་ཧིང་གིས་འདི་ག་ཏེ་ངོ་ཤེས་སྦ། མིག་ཏོ་གིས་ཡང་ངོ་མ་ཤེས་པས།
དེམ་ཅིག་གི་བར་ན་མི་དེ་གིས་མ་ཧཱ་ཀཱ་ལིའི་ཕྱག་ལས་དཔའ་རྟགས་ཅིག་བཏོནམ་ཅིག་ཁོ་བསྒྱིམ་བླུགས་ཐོནམ་ལས། ཁོ་གིས་ཡང་མ་ཧཱ་ཀཱ་ལིའི་ཕྱག་མཚན་ཁ་ཊྭཾ་བཏོན་ཞིན་ན་ཁོ་བསྒྱིམ་ལོག་བླུགས་ཏེ། ཁོང་གཉིས་ཀྱི་བར་ན་ཕྱད་མདའ་ལངས་སོ་ནུག། དུས་ཡུན་ཐུང་ཀུ་གཅིག་ནང་ཁོང་གཉིས་ཆ་ར་གིས་གཅིག་གིས་གཅིག་གི་ལྟག་ཀོ་བཏོགས་བཀོ་ད་ནུག།
དེམ་ཅིག་གི་བར་ན་བུམོ་དེ་ཡང་ལྷོད་ནུག། བུམོ་དེ་ལྷ་ཁང་ནང་ལྷོད་བལྟཝ་ད་འབད་ཚེ་ལས་ནི། མོ་རའི་ཤ་ཁྲག་གཅིག་ལས་མཆེད་པའི་ནུ་གཅུང་དང་། བརྩེ་སེམས་ལྷག་པར་འབྲེལ་བའི་བརྩེ་རོགས་གཉིས་ཀྱིས། ཁོང་རའི་གཟུགས་ཁ་ལས་ཐོན་པའི་ཁྲག་གི་རྒྱ་མཚོའི་ཡོན་ཆབ་བཀང་སྟེ་མ་ཧཱ་ཀཱ་ལིའི་སྐུ་མདུན་ལུ་དམར་མཆོད་ཕུལ་སྡོད་ཡོདཔ་མཐོང་ནུག། འཇིག་རྟེན་འདི་ནང་ལུ་འགྲན་པའི་ཟླ་དང་བྲལ་བའི་སྐྱབས་མཆོག་མ་ཧཱ་ཀཱ་ལི་ཡང་། ཁོང་གཉིས་ཀྱི་བྱ་སྤྱོད་ལུ་བལྟ་སྟེ་ཧ་ལས་ཆིཝ་བཟུམ་སྦེ། ལྗགས་མཐོ་གང་ཕྱི་ཁར་བསྣར་ཏེ་བཞུགས་ཡོདཔ་ཨིན་མས།
དེ་འཕྲལ་ལས་བུམོ་དེ་གིས་མ་ཧཱ་ཀཱ་ལིའི་ཞབས་ལུ་ཕྱག་འཚལ་ཏེ། ངེའི་ནུ་གཅུང་དང་ཧིང་གི་གཅེས་གཅེས་གཉིས་ད་ལྟོ་རང་ལོག་ལྷོངས་གནང་དགོ་ཟེར་བའི་ཚིག་བཙུགས་སྦེ། གསོལ་འདེབས་ཀྱི་མགུར་དབྱངས་ཕུལཝ་མ་ཚད། ག་དེམ་ཅིག་སྦེ་ཁོང་གཉིས་ལོག་ལྷོངས་ནི་མེད་པ་ཅིན་མོ་གི་གཟུགས་ཡང་མ་ཧཱ་ཀཱ་ལི་ཁྱོད་ལུ་མཆོདཔ་སྦེ་ཕུལ་ནི་ཨིན་སླབ་སྟེ། མགུ་ཏོག་ཞབས་གུ་བརྡུངས་ནུག། མ་ཧཱ་ཀཱ་ལི་ཡང་དུས་ཡུན་ཐུང་ཀུ་གཅིག་ནང་ར་ཁོ་རའི་སྐུ་མདུན་ལུ་ཞེ་སྡང་མེ་ལྟར་འབར་བའི་གནས་སྟངས་དང་། འདོད་ཆགས་ཆུ་ལྟར་འཁྲུགས་པའི་གནས་སྟངས་གཉིས་བྱུང་མི་ལུ་གཟིགས་ཏེ། འཇིག་རྟེན་འཁོར་བའི་རང་བཞིན་འདི་གོད་བྲོ་སི་སི་ཅིག་ཨིན་མས་ཟེར་བའི་ཐུགས་བཞེད་གནང་རུང་། བུམོ་དེ་ལུ་བརྩེ་དུང་གི་ན་ཟུག་ཕོག་མི་ལུ་སྡིག་ཆེ་སྟེ། བྱམས་པའི་ཏིང་ངེ་འཛིན་ལུ་མཉམ་པར་བཞག་ཞིན་ན། ཁོང་ཤི་མི་གཉིས་ཀྱི་ལྟག་ཀོ་དང་གཟུགས་ལོག་མཐུད་གནང་ནུག།
དེ་འབདཝ་ད་ལས་ཀྱི་རྣམ་པར་སྨིན་པ་འདི་ལྷ་གིས་ཡང་བཅོ་མི་ཚུགས་དོ་འོང་ནི་མས། ཁོང་ཨ་རོགས་དགའ་རོགས་གཉིས་ཀྱི་བར་ན་ཚེ་སྔ་མའི་ལས་འཕྲོ་རྫོགས་སོ་ཡི་ཟེར་སླབ་ནི་བཟུམ་སྦེ། ཤི་མི་གཉིས་ཀྱི་ལྟག་ཀོ་དང་གཟུགས་ལྷ་གིས་ལོག་མཐུད་གནང་སྟེ་འབད་ས་ཅིག་རུང་། ལྟག་ཀོ་དང་གཟུགས་གཉིས་སོ་སོ་སྦེ་མཐུད་བཞག་ཡོདཔ་ཨིན་མས། ཚེ་སྔ་མའི་ལས་འཕྲོ་རྫོགས་སོངཔ་ཨིན་ཟེར་བ་ཅིན། ཁོང་གཉིས་གཅིག་གིས་གཅིག་ལུ་དགའ་བའི་བརྩེ་དུང་ལུ་འགྱུར་བ་ག་ནི་ཡང་མ་སོངཔ་མ་ཚད། གཅིག་ཁར་སྡོད་ནི་ལུ་བཀག་ཆ་འབད་མི་ཡང་ག་ཡང་མེདཔ་ཨིན་མས། དེ་འབདཝ་ད། མོ་གི་ཨ་རོགས་དགའ་རོགས་ཀྱི་གདོང་དང་གཅིག་ཁར་ནུ་གཅུང་གི་གཟུགས་ཡོདཔ་ད། ཨ་རོགས་དགའ་རོགས་ཀྱི་གཟུགས་དང་གཅིག་ཁར་ནུ་གཅིག་གདོང་ཡོདཔ་ལས་བརྟེན་ཏེ། དཀའ་ངལ་སྦོམ་ཅིག་ཕྲད་དེ་ཡོདཔ་ཨིན་མས། དེ་བཟུམ་གྱི་གནས་སྟངས་དེ་ཁྱེད་ལྟོ་ཚང་ཆ་ཁྱབ་ལུ་བྱུང་པ་ཅིན། ཁྱེད་ཆ་ཁྱབ་ཀྱིས་འབདན་ག་དེ་སྦེ་འབད་ནི་སྨོ།

རྫོང་ཁའི་བརྡ་གཞུང་འཛོལ་སོ་ནུག།


མི་ང་བཟུམ་གྱིས་རྫོང་ཁའི་བརྡ་གཞུང་འཛོལ་སོ་ནུག་སླབ་ད་ལུ། མཁས་པའི་དབང་པོ་ཆ་ཁྱབ་ཀྱི་ཐུགས་ཁར་ཕོག་འོང་ག་ཡང་མི་ཤེས། ཨིན་རུང་བླུན་པོ་གིས་འཛོལ་བ་ཅིན་མཐོ་གང་དང་། མཁས་པ་གིས་འཛོལ་བ་ཅིན་འདོམ་གང་ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ། མཁས་པ་ཆ་ཁྱབ་ཀྱི་ཐུགས་ཁར་ཕོག་ནི་མས་མནོ་སྟེ་མ་སླབ་པར་བཞག་པ་ཅིན། ནམ་ཅིག་གི་ཚེ་ལམ་འཛོལ་བ་ཉིན་མའི་ཧ་ཕྱི་དང་། བྱུས་འཛོལ་བ་བསྐལ་པའི་མགོ་མཇུག་ཟེར་སླབ་དོ་བཟུམ་ཅིག་འོང་ནི་ཨིན་མས།
ད་ལོ་རྒྱུས་མ་མང་པར་ག་ཅི་འཛོལ་སོངཔ་ཨིན་ན་ཕྲང་སྟེ་སླབ་པ་ཅིན། རྫོང་ཁའི་བརྡ་གཞུང་ནང་ལུ་ལ་དོན་གྱི་ཕྲད་༼གུ་༽ ཟེར་མི་ཅིག་བཙུགས་ནུག། ང་གིས་འབདན་༼གུ༽ འདི་ལ་དོན་གྱི་ཕྲད་མེན་ཟེར་སླབ་ནི་ཨིན། ག་ཅི་སྦེ་ཟེར་བ་ཅིན། ལ་དོན་གྱི་ཕྲད་ཨིན་པ་ཅིན། ལ་དོན་གྱི་འཇུག་ཡུལ་ལྔ་གང་རུང་ལུ་མ་གཏོགས། དེ་ལས་གཞན་ལུ་འཇུག་ནི་མི་འོང་། སུམ་ཅུ་པའི་ནང་འབད་བ་ཅིན་༼ན་ལ་༽ གཉིས་ལུ་དམིགས་བསལ་གྱི་འཇུག་པ་ཐེབས་ཡོད་རུང་། རྫོང་ཁའི་ནང་ལུ་དེ་བཟུམ་གྱི་འཇུག་པ་མ་མཐོང་།
འ་ནེ་སྦེ་འབདཝ་ད་ཚིག་ཕྲད་འདི་གིས་ལ་དོན་གྱི་འཇུག་པ་ལྔ་པོ་གང་རུང་མེན་པའི་འཇུག་པ་གཞན་ལུ་ཡང་འཇུགཔ་ལས། ལ་དོན་གྱི་ཕྲད་མེན་པས་ཟེར་སླབ་ཨིན། འཇུག་ཡུལ་གཞན་ག་ཅི་ལུ་འཇུགཔ་ཨིན་ན་མནོ་བ་ཅིན། དཔེར་ན་༼རྟ་གུ་ལས་བུད་སོ་ཡི་༽ ཟེར་དོ་བཟུམ་འབད་བ་ཅིན་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཆ་འདྲ་ལུ་འཇུགཔ་མས། ༼ཁྱིམ་ཏོག་གུ་ལས་ར་ཏོ་ཚུན་ཚོད་༽ ཟེར་བ་ཅིན་དགར་སྡུད་ལས་ཡུལ་གྱི་མཚམས་འཛིན་པའི་སྡུད་པ་ལུ་འཇུགཔ་ཨིན་མས། དེ་དང་དེ་བཟུམ་གྱི་འཇུག་པ་གཞན་ཡང་འོང་ནི་བཟུམ་འདུག ད་ལྟོ་ང་གིས་ཞིབ་འཇུག་འབད་དེ་གིས་སྦེ་མེན་པ་ཞིན་ན། སེམས་ཁར་མནོཝ་ཅིག་དེ་འཕྲལ་ལས་ཡིག་ཐོག་ལུ་ཕབ་ཕབ་འབད་ནི་དེ་གིས། དཔེར་བརྗོད་དེམ་ཅིག་ལས་བརྒལ་དྲན་མ་ཚུགས།
ཚིག་ཕྲད་༼གུ་༽ འདི་ལ་དོན་གྱི་ཕྲད་མེན་པ་ཅིན་༼རྟ་གུ་བཞོན། ཁྲི་གུ་བཞུགས། ཤིང་གུ་འཛེགས།༽ ཟེར་དོ་བཟུམ་རྣམ་དབྱེ་གཉིས་པ་ལུ་འཇུག་ནི་འདུག། འདི་ག་དེ་སྦེ་ཨིན་ན་ཟེར་མནོ་དོ་འོང་། དེ་ཚུ་རྣམ་དབྱེ་གཉིས་པ་ལུ་འགྱོ་དགོ་པ་ཅིན་རྟ་གུ། ཁྲི་གུ། ཤིང་གུ། ཟེར་བའི་གུ་གི་མཐའ་མར་རྗེས་འཇུག་༼ར་༽ འབྲི་སྦེ། རྟ་གུར། ཁྲི་གུར། ཤིང་གུར། ཟེར་འབྲི་དགོ། འ་ནི་གུ་གི་མཐའ་མར་ཡོད་པའི་༼ར་༽ འདི་རྗེས་འཇུག་མེན་པ་ཞིན་ན་ལ་དོན་གྱི་ཕྲད་༼སུ་ར་རུ་དུ་ན་ལ་ཏུ་༽ ཟེར་བདུན་ཡོད་པའི་ནང་ལས་༼ར་༽ ཨིན།  དེ་སྦེ་འབྲི་བ་ཅིན་རྐྱངམ་ཅིག་ལ་རྣམ་དབྱེ་གཉིས་པ་ལུ་འགྱོ་ནི་མ་གཏོགས། དེ་མེན་པ་ཅིན་རྣམ་དབྱེ་གཉིས་པའི་གྲངས་སུ་མི་ཚུད།
ག་དེམ་ཅིག་སྦེ་རྟ་གུ་བཞོན་ཟེརཝ་ད་ར་རྟ་གི་ཐོག་ཁར་བཞོན་ནི་ཨིནམ་ཧ་གོཝ་ལས། གུ་འདི་ལ་དོན་གྱི་ཕྲད་སྦེ་བཞག་པ་ལུ་མ་བཏུབ་མེད་པའི་ཁར། ལཱ་ཁག་སྦེ་༼ར་༽ སྦྱར་དགོཔ་ཅིག་མིན་འདུག་མནོ་བ་ཅིན། དེ་སྦེ་འབདན་༼ཐོག་ཁ་འགྱོ་ནི་༽ ཟེརཝ་ད་ལུ་ཡང་། ཁྱིམ་གྱི་ཐོག་ཁ་ལུ་འགྱོ་ནི་ཨིནམ་ཧ་གོ་ཚུགསཔ་ལས། ༼ཁ་༽གི་མཐའ་མར་༼ར་༽ སྦྱར་དགོཔ་མེད་པའི་ཁར། ༼ཁ་༽ ཡང་ལ་དོན་གྱི་ཕྲད་ཀྱི་གྲངས་སུ་བཙུགས་དགོཔ་འཐོན་འོང་། ༼གུ་༽ དང་༼ཁ་༽ གཉིས་ལ་དོན་གྱི་ཕྲད་ཀྱི་གྲངས་སུ་བཙུགས་ད་པ་ཅིན་དེ་ལས་ལ་དོན་གྱི་འཇུག་ཡུལ་ལྔ་མེནམ་འགྱོ་ནི་དང་། དེ་ལས་རྫོང་ཁའི་བརྡ་གཞུང་གི་གཞི་བཅོལ་ས་སུམ་ཅུ་པའི་དགོངས་པ་དང་འགལ་བ་འགྱོ་འོང་། དེ་དང་དེ་བཟུམ་གྱི་དཀའ་ངལ་གཞན་ཡང་ལེ་ཤ་ཅིག་འཐོན་ནི་མས།
དེ་སྦེ་འབད་ནི་འདི་གིས་༼གུ་༽ འདི་ལ་དོན་གྱི་ཕྲད་ཀྱི་གྲལ་ཁ་ལས་བཏོན་བཏང་ཞིན་ན། ང་བཅས་རའི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་འཇམ་ཏོང་ཏོང་སྦེ་ལྷབ་ཚུགསཔ་བཟོ་བ་ཅིན་མི་དྲག་ག?

སྤྲེལ་ཟླ་ཚེས་བཅུའི་ཉིན་མར་པདྨ་བཀའ་ཐང་ལྷག་པའི་སྐབས་ཀྱི་ཟིན་བྲིས།


པདྨ་གླིང་པའི་བཀའ་ཐང་ལྟར་ན་སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐོག་མ་སངས་རྒྱས་གསེར་ཐུབ་དང་དེའི་འོག་ཏུ་སངས་རྒྱས་འོད་སྲུངས། དེའི་འོག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པ།  དེའི་རྗེས་སུ་བྱམས་པ་མགོན་པོ་ཡིན་པར་སྣང་།

སངས་རྒྱས་སྟོང་གི་གླེང་གཞི་ནི་འཇིག་རྟེན་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་རྒྱལ་པོ་ཡུལ་འཁོར་སྲུང་གི་སྐབས་སུ་ཡིན་པར་འདུག།

གོའུ་ཏ་མ་ཞེས་པ་ཉི་འོག་གི་རྒྱལ་པོ་རྣ་བ་ཅན་གྱི་སྲས་སུ་སྐྱེས་པར་གསུངས། དེ་ནས་མ་ཉེས་ཁ་གཡོག་གིས་རྐྱེན་བྱས་ཏེ་ཚེ་འཕོས་ནས་དམ་པ་ཏོག་དཀར་དུ་སྐྱེ་བ་བཞེས། དེ་ནས་རྒྱལ་བ་བྱམས་པ་མགོན་པོ་རྒྱལ་ཚབ་ཏུ་མངའ་གསོལ་ནས་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས།

བླ་མེད་དོན་རྫོགས་རྒྱུད་ལས།  ང་ནི་འདི་ལས་མྱ་ངན་འདས་འོག་ཏུ༔ ལོ་ནི་བཅུ་རུ་གཉིས་ཀྱི་ཆད་པ་ན༔ འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག་གྱུར་པ༔ ཨུ་རྒྱན་ཡུལ་དུ་ཤཱཀ་ཐུབ་ང་ཉིད་འབྱུང་༔ ཨུ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བ༔ གསང་སྔགས་བདག་པོར་སྟོན་པས་ལུང་དུ་བསྟན༔
གསེར་འོད་དམ་པའི་མདོ་ལས། པདྨ་འབྱུང་གནས་འདི༔ འདས་པ་དང་༔ མ་འོངས་པ་དང་༔ ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་པར་བསྟོད་དོ༔
བཀའ་འདུས་རྩ་བའི་རྒྱུད་ལས། སྤྱི་དཔལ་ཆེནཔོ་ང་དང་གཉིས་སུ་མེད༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ༔ ད་ལྟ་ང་དང་ཚུལ་མཐུན་པ་ཅིག་འབྱུང་༔ དེའི་བཀའ་འདུས་སྤྱི་ཏིའི་ཐེག་པ་དང་༔ ཟ་ཧོར་ཡུལ་དུ་རྒྱལ་པོ་གཙུག་ལག་འཛིན༔ ལ་སོགས་པ་ལ་རྒྱས་པར་སྟོན་པར་འགྱུར༔ ཅེས་གསུངས་སོ༔
མྱ་ངན་ལས་འདས་པའི་མདོ་ལས༔ ཤིང་སཱ་ལའི་དྲུང་༔ རྩ་མཆོག་གཉིས་ཀྱི་བར་ན༔ བཅོམ་ལྡན་འདས་འོད་སྲུངས༔ གཅུང་དགའ་བོ་མ་གཏོགས་པ༔ དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནས་བཞུགས་པ་ལ༔ ཉེ་གནས་ཆེན་པོ་ཀ་ཏྱ་ཡ་ན་དང་༔ ཙུན་དྷ་དང་༔ མ་འགགས་པ་དང་༔ ཀུན་དགའ་བོ་རྣམས་ལ༔ ང་ནི་ཡོངས་སུ་མྱ་ངན་ལས་འདའ༔ ཁྱེད་རྣམས་མྱ་ངན་མ་བྱེད་ཅིག༔ འདི་ནས་བཞི་གཉིས་ལོན་པ་ན༔ མདངས་ལྡན་དྲི་མེད་མཚོ་དཀྱིལ་དུ༔ ང་ལས་ལྷག་པའི་སྐྱེས་བུ་འབྱུང་༔ ཁྱེད་རྣམས་ངུ་བར་མ་བྱེད་ཅིག༔ཚེ་ལོ་གྲངས་མེད་ཐུབ་པ་ཡང་༔ མཐའ་མ་འཆི་བར་ཤེས་པར་བྱའོ༔ ཞེས་གསུངས་སོ༔

སྒྲ་བསྒྱུར་ཚུལ་ལ་༡༽སྒྲ་ཐོག་ཏུ་བསྒྱུར་བ། ༢༽སྒྲ་ཐད་སོར་བསྒྱུར་བ། ༣༽སྒྲ་རྒྱུད་དེ་བསྒྱུར་བ། ༤༽སྒྲ་གཅིག་བསྒྱུར་བ།

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སློབ་དཔོན་པྲ་བྷ་ཧསྟི་ལ་རབ་ཏུ་བྱུང་བར་ཞུས་པས་སློབ་དཔོན་གྱི་ཞལ་ནས་ཁོང་གིས་རྣལ་འབྱོར་ཡོ་གའི་རྒྱུད་རྣམས་བསླབས་ཀྱི།  རབ་ཏུ་འབྱུང་བར་འདོད་ན་ཟ་ཧོར་རྒྱལ་པོའི་ཡུལ་དབུས་ཨ་སུ་ར་ཤེལ་གྱི་ཕུག་པར་ཀུན་དགའ་བོ་དང་འོད་སྲུངས་བཞུགས་ཡོད་པས་དེར་སོང་ཞིག་ཅེས་ལུང་བསྟན་པར་མཛད་པ་ལྟར།  སློབ་དཔོན་ཆེན་པོས་དེར་ཕེབས་ཏེ་ཉི་མ་གུང་པ་དང་ལྷན་དུ་ཀུན་དགའ་བོ་ལས་རབ་ཏུ་བྱུང་།  མཚན་ཡང་ཤཱཀྱ་སེངྒེར་བཏགས།  བུ་སྟོན་ཆོས་བྱུང་ལྟར་ན་ཀུན་དགའ་བོས་རྒྱ་མཚོའི་དཀྱིལ་དུ་གླིང་ཞིག་སྤྲུལ་ནས་ཉི་མ་གུང་པ་དང་ལྷན་དུ་འཁོར་ལྔ་བརྒྱ་ཙམ་རབ་ཏུ་བྱུང་བར་གསུངས།

ཐུབ་པའི་དབང་པོས་ལོ་༢༩ ཁབ་ཏུ་གནས། ལོ་དྲུག་དཀའ་བ་སྤྱད། ལེགས་པའི་ཀརྨས་ལོ་གྲངས་༢༤ ཞབས་འབྲིང་བྱས། ཀུན་དགའ་བོས་༢༡ ཞབས་འབྲིང་བྱས། ཐུབ་དབང་གིས་དགུང་ལོ་༣༥ ལོན་ནས་ལྕགས་ཕོ་ཁྱིའི་ལོ་ནས་ལོ་བདུན་ཟླ་བ་གཉིས་ཀྱིས་མ་ཚང་བར་བཀའ་ཐོག་མ་བདེན་པ་བཞིའི་ཆོས་འཁོར་བསྐོར། མེ་ཕོ་འབྲུག་ལོ་ནས་ཤིང་མོ་གླང་བར་ལོ་བཅུའི་རིང་མ་ག་ཏའི་ཡུལ་སོགས་སུ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར།  མེ་ཕོ་སྟག་ནས་ས་ཕོ་སྟག་གི་བར་ལོ་བཅུ་གགསུམ་བར་ཡངས་པ་ཅན་སོགས་སུ་བཀའ་ཐ་མ་ངེས་དོན་གྱི་ཆོས་འཁོར་བསྐོར། ས་མོ་ཡོས་ནས་ཤིང་མོ་བྱའི་བར་ལོ་བདུན་བར་དུ་གསང་སྔགས་ཕྱི་པ་གསུངས། སྔགས་ནང་པ་ནི་མ་གསུངས།

སྟོན་པ་འདས་རྗེས་ཀྱི་འབྱུང་བའི་ལུང་བསྟན།
སྟོན་པ་འདས་ནས་ལོ་༡༡༢ ན་རྒྱལ་པོ་ཛ་འབྱུང་།  ལོ་༨༠ ན་དེ་བ་བཟང་སྐྱོང་འབྱུང་། ལོ་༤༠༠ ན་སློབ་དཔོན་ཀླུ་སྒྲུབ་འབྱུང་།  ལོ་༣༣༠ ན་སངས་རྒྱས་གསང་བ་འབྱུང་། ལོ་༥༧༠ ན་བལ་པོའི་ཡུལ་དུ་ཧཱུཾ་ཆེན་ཀ་ར་འབྱུང་། ལོ་༨༨༩ ན་ཟི་ཡན་ཏའི་ཡུལ་དུ་ཐོགས་མེད་དབྱིག་གཉེན་མཆེད་གཉིས་འབྱུང་།
ལོ་༤༢ ན་སིངྒ་ལའི་ཡུལ་དུ་ཨཱརྱ་དེ་ཝ་འབྱུང་།  ལོ་༣༦༠༠ ལ་བོད་དུ་དམ་ཆོས་འབྱུང་བར་གྱུར་ནས་ལོ་༢༥༠༠ འི་བར་དུ་དར་ཞིང་རྒྱས་པར་འགྱུར།

རྒྱལ་པོ་ཨ་ཤོ་ཀས་བསྟན་པའི་དབྱེན་བྱས་དགེ་འདུན་སྡེ་གཉིས་སུ་གྱེས་པར་གྱུར་ཅིང་དགེ་འདུན་གཞོན་པ་མང་པོ་དང་རྒན་པ་ཉུང་ཞིག་བསད་དེ།  མི་ལོ་ཉིས་བརྒྱ་ལྷག་ཙམ་སོང་།  རྒྱལ་པོ་དེ་ཡིས་རྔ་སྒྲ་ཅན་རྣམས་བཅོམ། གྲོང་ཁྱེར་ཤིང་ཐག་ཅན་རྣམས་འཇོམས་པའི་སྐབས་པད་འབྱུང་གིས་དགེ་སློང་གཅིག་ཏུ་སྤྲུལ་ནས་བཏུལ་བར་གསུངས།

མགོན་པོ་ཀླུ་སྒྲུབ་ནི་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་རྒྱལ་པོ་འཚོ་བྱེད་སྟོབས་བཟང་བྱ་བར་བཙུན་མོ་ཆེ་ཆུང་གཉིས་ཡོད་པའི་ཆུང་ངུའི་སྲས་སུ་འཁྲུངས། ཡབ་ཀྱིས་བཙུན་མོ་ཆེན་མའི་སྲས་ལ་གསོ་བ་རིག་པ་ཐམས་ཅད་རྫོགས་པར་བསླབས།  ཆུང་མའི་སྲས་ལ་དུས་ལན་གཅིག་གནང་ནས་ནམ་ཞིག་གི་ཚེ་སྲས་གཉིས་ཡོན་ཏན་བསྡུར་དགོས་གསུངས།  བཙུན་མོ་ཆུང་བའི་བསམ་པར་ངའི་བུ་ལ་རྒྱལ་ས་མི་ཡོང་བའི་བཀའ་ལུང་ཡིན་སྙམ་སྟེ་སྡུག་བསྔལ་བར་གྱུར།  ནུབ་གཅིག་ཡུམ་སྲས་གཉིས་བློ་མཐུན་པར་ཡབ་ཀྱི་མཆོད་གནས་དགེ་སློང་དབང་པོའི་སྡེའི་དྲུང་དུ་སོང་ནས་རིག་པའི་གནས་ལ་བསླབས་པས་རྒྱུ་མཚན་གོ་བ་ཙམ་གྱིས་དབུ་ཞབས་དོན་ཁོང་དུ་ཆུད།  དེ་ནས་ཡོན་ཏན་བསྡུར་བའི་དུས་ལ་བབས་ཏེ་ཁྲི་གཉིས་བརྩིགས་ཏེ་སྲས་གཉིས་བཞུགས་སུ་བཅུག  ཆེན་མའི་སྲས་ཀྱིས་སྔོན་དུ་གསུངས། བམ་པོ་སུམ་རྒྱ་མཁྱེན་པས་ཡ་མཚན་སྐྱེས། དེ་ནས་ཆུང་མའི་བུས་གསུངས་པར་ཡབ་ཀྱིས་མཁྱེན་པའི་བམ་པོ་སུམ་བརྒྱའི་སྟེངས། གསོ་རིག་བསྟན་བཅོས་སྔར་མ་གྲགས་པ་གསུངས་པས་དམངས་རྣམས་མ་བསླབས་པར་ཤེས་པ་ངོ་ཏམཚར་ཆེ་ཟེར།  ཡབ་ཀྱིས་ཕྱག་བཙལ་ནས་ཞབས་སྤྱི་བོར་བླངས། མངའ་ཐང་སྲས་གཉིས་ལ་བགོས་ནས་བཏད་པར།  རྒྱལ་བུ་ཆུང་བས་མངའ་ཐང་མི་འདོད་རབ་ཏུ་འབྱུང་བར་གསོལ་ཏེ་དགེ་སློང་དབང་པོའི་སྡེ་ལས་རབ་ཏུ་བྱུང།  བསྙེན་པར་རྫོགས་ཏེ་ཆོས་ལ་སྦྱངས་པས་ཆོས་མིང་སི་དྷི་ཕ་ལ་ཞེས་གྲགས། འགྲོ་བའི་དོན་དུ་སྒྲ་ཚད་སོགས་ཀྱི་བསྟན་བཅོས་མང་དུ་མཛད། དེ་དུས་མུ་སྟེགས་ཉི་མའི་སི་དྷིས་ཀ་མ་ཤཱི་ལའི་གཙུག་ལག་ཁང་མེར་བསྲེགས་ཏེ་མངོན་པའི་བཀའ་རྣམས་ཤས་ཆེར་ཙིག  དེའི་མི་གྲིབ་ཀླུ་རྒྱལ་ལ་ཕོག ཀླུ་རྒྱལ་ཏང་བཟུང་ནད་ཀྱིས་བཏབ།  ཤིན་ཏུ་ཉམས་ཐག་ཅི་བྱས་ཕན་མེད་ནས་ཀླུའི་འཁོར་ཚོགས་གདུང་བའི་སྨྲེ་ངག་བཏོན་པས་ཀླུ་རྒྱལ་དགའ་བོས་འཛམ་བུའི་གླིང་གི་འཙོ་བྱེད་སྤྱན་དྲང་ན་ན་ཚ་འདི་ལས་ཕན་སྲིད་ཟེར།  དེ་ནས་ཀླུ་རྣམས་ཀྱི་ནང་ནས་ཆོས་ལ་དད་པ་ཡོད་པ་ནོར་རྒྱས་དང་དུང་སྐྱོང་གཉིས་ཀྱིས་རྫུ་འཕྲུལ་གྱིས་འཛམ་བུའི་གླིང་དུ་དགེ་སློང་ཆེན་པོ་སི་དྷི་ཕ་ལའི་དྲུང་དུ་བཅར། ལོ་རྒྱུས་ཞུས་པས་དགེ་སློང་ཆེན་པོས་གཟིགས་པ་རྣམ་གསུམ་ལ་གཟིགས་ཏེ་ཀླུ་ཡུལ་དུ་ཕེབས།  ཀླུ་རྒྱལ་ཏང་བཟུང་ནད་ལས་གྲོལ། ཀླུ་རྒྱལ་གྱིས་དེའི་དྲིན་ལོན་པའི་ཕྱིར་དུ་ཤེར་ཕྱིན་བུམ་པ་དུམ་བུ་བཅུ་དྲུག་ཕུལ། དེ་དུས་སློབ་དཔོན་གྱི་མཙན་དུ་ན་ག་ཛུ་ན་ཞེས་གྲགས་སོ༎

ཨརྱ་དེ་ཝ་ནི་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་སིངྒ་ལ་ཡི་ཡུལ་དུམཁན་པོ་སུ་ནེ་ཊ་ཞེས་གྲགས་པར་སྤྲུལ་ཏེ་ཡུལ་དེའི་རྒྱལ་པོ་ཙནྟྲ་ཤྲཱི་ཀུ་མ་རའི་མཆོད་གནས་སུ་བཞུགས་པའི་དུས་རྒྱལ་པོའི་ལྡུམ་རའི་ནང་མཙོ་དཀྱིལ་གྱི་པདྨའི་སྡོང་པོ་ལས་སྐུ་འཁྲུངས། རྒྱལ་པོས་མཁན་པོ་སུ་ཏི་ཏྲ་ལ་དྲིས་པས་མཁན་པོའི་ཞལ་ནས་དེ་ནི་ཤཱཀྱ་མི་ཏྲའི་སྐྱེ་བ་སྟེ། རྒྱ་གར་ལྷོ་ཕྱོགས་བྲམ་ཟེ་ས་ཏའི་བུ་ཤཱཀྱ་བཤེས་གཉེན་དེ་ཉིད་ཚེ་འཕོས་པ།  དབང་ཕྱུག་ཆེན་པོའི་གྲུབ་ཐོབ་ནང་པའི་དགྲ་མ་ཏི་ཙི་ཏྲ་འདུལ་བའི་གཉེན་པོ་ཡིན།  ཕོ་བྲང་དུ་སྤྱན་དྲོངས་ལ་བཀུར་སྟི་གྱིས་ཤིག་གསུནས། མདོ་ཕྱོགས་ཀྱི་ལུང་མང་པོ་བཤད་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ནས་རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་པར་བཤད། ཨརྱ་དེ་ཝ་ཞེས་པའི་མཚན་གསོལ། རབ་ཏུ་བྱུང་བར་ཞུས་པས་སྔོན་གྱི་འབྲེལ་བ་ཡོད་པས་ཀླུ་སྒྲུབ་ནས་རབ་ཏུ་བྱུང་བར་གྱིས་ཤིག་ཅེས་ལུང་བསྟན་པ་ལྟར་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་ཀླུ་སྒྲུབ་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཁས་པའི་མཆོག་ཏུ་གྱུར་ཏོ༎

གཟུགས་ཁར་གོ་དང་དཀྱི་ར་གྱོནམ་ཙམ་ཅིག་གིས་ལམ་ལུགས་སྲོལ་བདག་འཛིན་འབད་བའི་གྲངས་སུ་མི་ཚུད།

ད་རེས་རང་ལུགས་གནམ་ལོ་ཆུ་ཕོ་འབྲུག་ལོ་རང་ཟླ་༥ པའི་ཚེས་༡༠ ལུ་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མར་ཟིན་བྲིས་འདི་བསྐྱར་གསོ་འབདཝ་ད་འབྲེལ། སྤྲེལ་ཟླ་ཚེས་བཅུའི་དུས་ཆེན་གྱི་སྐོར་ལས་དུམ་གྲྭ་ཅིག་ཞུ་ནི་ཨིན། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་མཆོག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་རྩ་མཆོག་གྲོང་ལུ་སྐུ་མྱ་ངན་ལས་འདའ་ནི་འབད་བའི་སྐབས། སངས་རྒྱས་ཁོ་རའི་སློབམ་དགྲ་བཅོམ་པ་ཆ་ཁྱབ་ལུ་དེ་སྦེ་གསུངས་ནུག། "ད་ང་མྱ་ངན་ལས་འདའ་ནི་ཨིན། ཁྱེད་ཆ་ཁྱབ་མྱ་ངན་འབད་མི་དགོ་སྨ་རེད། ང་མྱ་ངན་ལས་འདས་ཏེ་ལོ་བརྒྱད་འགྱོཝ་ད་ཨོ་རྒྱན་གྱི་ཡུལ་ལུ་པདྨ་འབྱུང་གནས་ཟེར་མི་ཅིག་ལུ་ལོག་སྟེ་འཁྲུངས་འོང་" 

དེ་སྦེ་ལུང་བསྟན་གནངམ་བཞིན་དུ་ཨོ་རྒྱན་རིན་པོ་ཆེ་མཆོག་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་བརྒྱད་ལུ་ཨོ་རྒྱན་གྱི་ཡུལ་ལྷོ་ནུབ་འོ་མ་ཅན་གྱི་མཚོ་ནང་མེ་ཏོག་པདྨ་གུ་ལས་རྫུས་སྐྱེས་སྦེ་སྐུ་འཁྲུངས་ནུག། འ་ནི་གི་ཉིནམ་འདི་ཁར་ང་བཅས་ར་ཆ་ཁྱབ་ཀྱིས་སྤྲེལ་ཟླ་ཚེས་བཅུ་ཟེར་སླབ་ཏེ་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་དུས་ཆེན་སྦེ་བརྩིཝ་ཨིན། དེ་འབདཝ་ད་གུ་རུ་རིན་པོ་ཆེ་འཁྲུངས་པའི་དུས་ཚོད་འདི་ལུ་བརྩི་ཐངས་མ་འདྲཝ་ཁག་དག་པ་ཅིག་ཡོདཔ་ཨིན་མས། དེ་ཡང་འབྲུག་རྒྱལ་ཁབ་ནང་རྩིས་གཞུང་སློབ་གྲྭའི་ཟླ་ཐོ་དང་འཁྲིལ་ཏེ་འབྲུག་ཟླ་ལྔ་པའི་ཚེས་བཅུ་ཐམ་ལུ་བརྩི་སྲོལ་ཡོངས་གྲགས་སོང་ཡོདཔ་ཨིན་རུང་། སྔ་འགྱུར་རྙིང་མའི་བླམ་སྐད་གྲགས་ཆེ་ཤོས་ཅིག་ཨིན་མི་རིག་འཛིན་འཇིགས་མེད་གླིང་པ་གིས་འབད་བ་ཅིན་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་གྱི་ཉིནམ་འདི་ཟླཝ་དྲུག་པའི་ཚེས་༡༠ ལུ་ཕོགཔ་ཨིནམ་སྦེ་གསུངས་ཡོདཔ་ཨིན་མས། འདི་གིས་སྦེ་བོད་པའི་ཟླ་ཐོ་ལ་ལུ་ནང་ལུ་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་དུས་ཆེན་འདི་ཟླཝ་དྲུག་པའི་ཚེས་བཅུ་ཐམ་ལུ་ཨིནམ་སྦེ་བཀོད་མི་ཡང་ཡོདཔ་ཨིན་མས། དེ་བཟུམ་གྱི་བརྩི་ཐངས་ཁག་མ་འདྲཝ་སོ་སོ་ཐོན་དགོ་མི་འདི་ཡང་། གུ་རུ་རིན་པོ་ཆེ་འཁྲུངས་པའི་ཉིནམ་དེ་སྤྲེལ་གྱི་ཟླ་བའི་ཚེས་བཅུ་ཐམ་ལུ་ཨིནམ་སྦེ་བརྩིཝ་བཞིན་དུ། སྤྲེལ་གྱི་ཟླཝ་ནམ་ཨིན་ན་ཏན་ཏན་སྦེ་ངོས་འཛིན་འབད་ནི་མེད་ནི་འདི་གིས་ཨིན་མས།

དེ་ཡང་འཇིགས་མེད་གླིང་པ་གིས་འབད་བ་ཅིན་ཟླཝ་༡༢ པ་འདི་སྟག་གི་ཟླཝ་སྦེ་བརྩིཝ་ལས་ཟླཝ་དྲུག་པ་གུ་ཀྲིག་ཀྲིག་སྤྲེལ་གྱི་ཟླཝ་ཕོག་ནི་འདི་གིས་ཟླཝ་དྲུག་པའི་ཚེས་བཅུ་ཐམ་ལུ་སྤྲེལ་ཟླ་ཚེས་བཅུ་སྦེ་བརྩིཝ་ཨིན་མས། དེ་ལས་འབྱུང་རྩིས་པའི་ལུགས་ལས་འབད་བ་ཅིན་ཟླཝ་བཅུ་གཅིགཔ་འདི་སྟག་གི་ཟླཝ་སྦེ་བརྩི་ནི་འདི་གིས་ཟླཝ་ལྔ་པ་ལུ་སྤྲེལ་གྱི་ཟླཝ་ཕོགཔ་ལས་ད་རེས་ང་བཅས་ཀྱིས་སྤྲེལ་ཟླ་ཚེས་བཅུ་སྦེ་བརྩི་མི་དེ་འབྱུང་རྩིས་པའི་ལུགས་ཨིནམ་འོང་ནི་མས།

དེ་ལས་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་གི་གཡུས་ཚན་ལ་ལུ་ནང་ལུ་ཟླཝ་བཞི་པའི་ཚེས་༡༥ ལུ་སྤྲེའུ་མཆོད་ཟེར་མི་ཅིག་བཟུང་སྲོལ་འདུག། དུས་ཚོད་ནམ་བཟུངམ་ཨིན་ན་མ་ཤེས་རུང་སྤྲེའུ་མཆོད་ཟེར་མི་ཅིག་བོད་ལུ་ཡང་བཟུང་སྲོལ་སྡོད་ནུག། བོད་ཀྱི་ཚིག་མཛོད་ཚུ་ནང་བལྟཝ་ད་སྤྲེའུ་མཆོད་ཟེར་མི་འདི་སྤྲེལ་ཟླ་ཚེས་བཅུའི་མཆོད་པ་ཟེར་བའི་བསྡུས་ཚིག་ཨིནམ་སྦེ་བཀོད་ནུག། དེ་མ་ཚད་སྤྲེལ་ཟེར་མི་འདི་སེམས་ཅན་སྤྱ་ལུ་གོཝ་བཞིན་དུ་སྤྲེའུ་མཆོད་བཟུང་སྲོལ་ཡོད་མི་གཡུས་ཚན་དེ་གི་ཁ་སྐད་ནང་ལས་སྤྲེའུ་ཟེར་མི་འདི་ཡང་སྤྱ་ལུ་གོཝ་མས། འ་ནེ་སྦེ་འབདཝ་ད་འབྲུག་ལུ་བཟུང་སྲོལ་ཡོད་མི་སྤྲེའུ་མཆོད་འདི་ཡང་སྤྲེལ་ཟླ་ཚེས་བཅུའི་མཆོད་པ་འདི་ར་ཨིནམ་འོང་ནི་མས། གལ་སྲིད་སྤྲེའུ་མཆོད་འདི་སྤྲེལ་ཟླ་ཚེས་བཅུའི་མཆོད་པ་ཟེར་བའི་དོན་ཨིན་པ་ཅིན་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་ཟླཝ་བཞི་པའི་ཚེས་༡༥ ལུ་བརྩི་མི་ཅིག་ཡང་ཐོནམ་ཨིན་མས།

འ་ནེ་སྦེ་འབདཝ་ད་ང་བཅས་ཀྱིས་ག་ལུ་ཆ་བཞག་ནི་སྨོ། ང་བཅས་ར་ཆ་ཁྱབ་ཀྱིས་སྤྲེལ་ཟླ་ཚེས་བཅུ་ཨིན་ཟེརཝ་ད་ལྷ་ཁང་རེ་མཇལ་དཀར་མེ་རེ་ཕུལ་སྦེ་སྡོད་པ་གིས་བཏུབ་ག། སྤྲེལ་ཟླ་ཚེས་བཅུ་ཟེར་མི་ག་ཅི་ཨིན་ན་དང་དེ་གི་ཁུངས་དང་དགོས་པ་ཚུ་གི་སྐོར་ལས་དྲི་མི་རེ་ཐོན་པ་ཅིན་ཧིངས་སངས་ས་སྦེ་སླབ་ཚུགས་མི་དགོ་ག སླབ་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་རང་གི་ལམ་ལུགས་སྲོལ་རང་གིས་ཁུངས་བསྐྱལ་མ་ཚུགས་པའི་གྲངས་སུ་འགྱོཝ་མས་མེན་ན། དེ་འབདཝ་ལས་ན་གཞོན་ཤེས་ཡོན་ཅན་ཚུ་གིས་ཞིབ་འཚོལ་འབད་ནི་གི་རེ་བ་རེ་ཡོད་པ་ཅིན་ང་གིས་རྣམ་རྟོག་གི་ས་བོན་དུམ་གྲ་ཅིག་སྦྱིན་གེ

དེ་ཡང་གུ་རུ་རིན་པོ་ཆེ་གི་རྣམ་ཐར་པདྨ་བཀའ་ཐང་མུན་སེལ་སྒྲོན་མེ་ནང་ལུ་འབད་བ་ཅིན་གུ་རུ་རིན་པོ་ཆེ་མཆོག་མེ་ཏོག་པདྨའི་གུ་བཞུགས་ཡོདཔ་རྒྱལ་པོ་ཨིནྡྲ་བོ་དྷིའི་ཆོས་བློན་ཏྲི་ན་འཛིན་གྱིས་སྤྲེལ་ལོ་སྟོན་ཟླ་ར་བའི་ཚེས་བཅུ་ཐམ་ལུ་མཇལ་ཡི་ཟེར་གསུངས་ནུག། སྟོན་ཟླ་ར་བ་འདི་འབྱུང་རྩིས་པའི་ལུགས་ལས་འབད་བ་ཅིན་ཟླཝ་ལྔ་པ་ལུ་ཕོགཔ་ཨིན་རུང་ཨིང་ལིཤ་ནང་ལས་འབདན་ Autumn ལུ་ཟླཝ་གསུམ་ཡོད་པའི་ནང་ལས་དང་པམ་འདི་ཨིན་པའི་ཁར། ང་བཅས་རའི་ཁ་ནང་ལས་འབད་རུང་ལོ་ཐོག་ཚུ་བསྡུ་ཚརཝ་ད་རྐྱངམ་ཅིག་སྟོན་ཐོན་ཡི་ཟེར་སླབ་སྲོལ་ཡོདཔ་ལས་སྟོན་ཟླ་ར་བ་འདི་ཟླཝ་ལྔ་པའི་ནང་བརྩི་ནི་འོས་འབབ་ཡོད་མེད་བརྟགས་དཔྱད་གཏང་དགོཔ་འདུག པདྨ་བཀའ་ཐང་གའུ་མ་ནང་ལུ་འབད་བ་ཅིན་སྤྲེལ་ལོའི་དཔྱིད་ཟླ་ར་བ་ལུ་འཁྲུངས་ཡོདཔ་སྦེ་གསུངས་ནུག། དེ་སྦེ་ཨིན་པ་ཅིན་དཔྱི་ར་འདི་འབྱུང་རྩིས་པའི་ལུགས་ལས་ཟླཝ་༡༡ པ་དང་། དུས་འཁོར་གྱི་ལུགས་ལས་ཟླཝ་༡ པའི་ནང་ཕོགཔ་ཨིན་མས། དཔྱིད་ར་ཟེར་མི་འདི་དབྱིན་སྐད་ནང་ལས་འབད་ Spring ལུ་ཟླཝ་གསུམ་ཡོད་པའི་ནང་ལས་དང་པམ་འདི་ཨིནམ་ལས་འབྱུང་རྩིས་པའི་ལུགས་ལས་འདི་དུས་འཁོར་པའི་ལུགས་འདི་ཐག་ཉེ་ནི་བཟུམ་མཐོང་མས།

དེ་བཟུམ་སྦེ་སངས་རྒྱས་གླིང་པའི་བཀའ་ཐང་། རཏྣ་གླིང་པའི་བཀའ་ཐང་། ཨོ་རྒྱན་གླིང་པའི་བཀའ་ཐང་། མྱང་རལ་གྱི་བཀའ་ཐང་ལ་སོགས་པ་བཀའ་ཐང་རེ་རེ་བཞིན་དུ་བལྟ་བ་ཅིན་དེ་ཚུ་ནང་གུ་རུ་རིན་པོ་ཆེ་གི་འཁྲུངས་སྐར་སོ་སོ་རེ་རེ་འཐོན་ནི་ཨིན་མས། དེ་སྦེ་འཐོན་པ་ཅིན་ང་བཅས་ཀྱིས་ད་ལྟོ་ཟླཝ་༥ པའི་ནང་ལུ་བརྩི་མི་དེ་ག་ཅི་ལུ་གཞི་བཞག་སྟེ་བརྩི་ཡི་ག་དང་། ག་ཅི་སྦེ་ཨིན་ན་མནོ་བསམ་གཏང་དགོཔ་མིན་འདུག་ག།